[A:༣༩༨]ཕྲན་དཔའ་བོའི་ཆས་སུ་ཞུགས་པའི་གསེར་དཔོན་ལྷ་མོ་འཕན་ཆེན། ལྷ་མོ་འཕན་ཆུང༌། གསེར་དཔོན་ལྷ་མོ་ལྔ་དར་ཏེ་གསེར་དཔོན་སྤུན་གསུམ་ཞེས་བྱང་ཕྱི་འབྲོག་ན་གྲགས་པ་ཐོབ་པ་གསུམ་དུ་གྲགས། ཡང་སློབ་དཔོན་ཆོས་སྐྱོང་བསམ་འགྲུབ་དང༌། ཉམས་རྟོགས་ལྡན་པ་བཟང་པོ་བཀྲ་ཤིས་ཞེས་བྱ་བ། གོས་སེར་པོའི་རྟགས་ཅན་བཀའ་བརྒྱུད་བསྟན་པའི་སྒོར་ཞུགས་པ། རྟོགས་ལྡན་གྱི་རྒྱལ་པོ་གཙང་དབུས་གཉིས་སོགས་ཀྱི་ཞབས་ཟུང་བསྟེན་པས་ཉམས་རྟོགས་འགྲན་ཟླ་མ་མཆིས་པའི་རྣལ་འབྱོར་པ་ཆེན་པོ་གཉིས་ཏེ། སྲས་ཕོ་ལྔའི་ཐ་ཆུང་གསེར་དཔོན་ལྷ་མོ་ལྔ་དར་ལ། སྔ་བུ་ལྔ་དང༌། ཕྱི་བུ་གཅིག་སྟེ་དྲུག་བྱུང་བའི་སྔ་བུ་ཆེ་བ་དེ་གཞོན་ནུ་ནས་གཤེགས། དེ་ཡང་མ་དེས་བྱང་ཐང་གི་རང་བྱུང་ཆུ་ཚན་ཞིག་ལ་བྱོན་པས། ཆུ་ཚན་གྱི་ལོགས་ཤིག་ན་ལྷ་བཤོས་གཙང་མ་ལྔ་རོག་གེ་འདུག་པས་གཅིག་གཡོག་མོ་ཞིག་ལ་བྱིན། བཞི་རང་གིས་གསོལ་བས་དེ་ལྟ་བུའི་རྟེན་འབྲེལ་གྱི་ཡིན་ཞེས་གཏམ་དུ་གྲགས། སྔ་བུ་འཚོ་ཞིང་གཞེས་པ་བཞིའི་ཆེ་བ་གསེར་དཔོན་ལྷ་མོ་གཉེར་མ། དེ་ནས་བི་རི་ཚེ་དབང་ལྷུན་གྲུབ། དེ་ནས་གསེར་དཔོན་ལྷ་ཕྲུག །དེ་ནས་ཆུང་བ་ཀླུ་རྒྱལ་ནོར་བུ་ཞེས་བོད་པ་ནི་བདག་གོ །ཕྱི་བུ་མ་མི་གཅིག་པ་ཁྲི་ཚང་དཀར་རྒྱལ། དེ་ཡང་ཕ་ནི་ལྷ་མོ་ལྔ་དར། མ་སེམས་མ་རྒྱལ་འཛོམ། མ་མ་ཨྱོན་བཟང་མོ་ཞེས་བྱ། སྐྱེ་བའི་གནས་ནི། ཟང་ཟང་ཆུ་བྱང་བརྒྱུད་ཀྱི་ལུང་པ་འབྲོང་ཞེས་བྱ་བ། ཉིན་རི་ཐམས་ཅད་སྤ་ཤུགས་ལ་སོགས་པ་འཁྲི་ཤིང་སྔོ་ལྗང་གྲིབ་མ་སྣུམ་ཞིང་བརྗིད་པ། སྲིབ་རི་ཐམསཅད་སྤང་རྩི་སྔོ་ལྗང་གོས་སུ་གྱོན་པ། གཞུང་ཐམས་ཅད་ཆུ་ཀླུང་དལ་གྱིས་འབབ་པའི་འགྲམ་ན་ནེ་གསིང་སྔོ་ལྗང་གི་རལ་པ་བུན་ལོང་ངེ་བར་ཁྱབ་པ། དེའི་ནང་ཚན་གྱི་ལུང་པ་ཁ་ནུབ་ཕྱོགས་བདེ་བ་ཅན་ལ་ཕྱོགས་པ་ཤེལ་ལྟར་དྭངས་བས་འོད་ཟེར་སྣ་ཚོགས་འཕྲོ་བ་ཤེལ་ལུང་ཞེས་བྱ་བའི་གནས་སུ་ཆུ་མོ་ལུག་ལོ་ལ་ཁོ་བོ་སྐྱེས་སོ་ཟེར། དེ་ཡང་རང་ཉིད་མའི་མངལ་