R171: རང་གི་རྣམ་པར་ཐར་པ་ཡུལ་སྣ་ཚོགས་ཀྱི་བདུད་རྩི་མྱོང་བའི་གཏམ་དུ་བྱས་པ་ཟོལ་ཟོག་རྫུན་གྱིས་མ་བསླད་པ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༤༣༤
[A:༤༣༤]ཡིན་པས་འཆག་ཏུ་མི་རུང་ཡང་ད་ལན་ཁྱེད་ཟེར་བ་དེ་ཡང་ངས་དང་དུ་ལེན། ངེད་ཟེར་བ་དེ་ཡང་ཁྱེད་ཀྱིས་དང་དུ་ལེན་དགོས་གསུང༌། ངེད་རྣམས་ཐེ་ཚོམ་ལོག་གེ་བ་ཞིག་གི་ངང་ལས་ལོག ངེད་རང་རྣམས་ཀྱི་ལྐོག་ལབ་ལ་གསུང་གི་མདངས་དེ་ལ་ནི་གསེར་གྱོང་ཞོ་དོ་ཆར་འཆག་གསུང་པ་འདྲ་བ་ཞིག་བྱུང་སྟེ། སྔར་གྲ་ཚང་གི་སློབ་དཔོན་སྐུ་ཡོན་ཆེ་བ་སྡེ་སྲིད་ཀྱི་ཐུགས་ལ་འདོགས་པ་པཎ་ཆེན་ལེགས་པའི་བློ་གྲོས་དང༌། འཇམ་དབྱངས་བློ་གྲོས་རྣམ་རྒྱལ་ལྟ་བུས་ཀྱང་སྣེ་རེ་སྣེ་གཉིས་ལས་མ་ཆོགས་པ་ཡིན། ད་ལན་ཞོ་གང་ཙམ་ཕྱོགས་ནའང་རབ་ཟེར་གྱིན་ཡོངས་གྲ་ཁང་དུ་སླེབ་དང་བསྟུན། གསེར་གྱོང་ཞོ་དོ་ལ་མགུར་ཞོ་གསུམ་ཙམ་ཡོང་གིན་འདུག་པ་དེ་རྩ་ཆག་ཡོང་བའི་ཕྱག་དམ་སྐྱེལ་དུ་དྲུང་འཁོར་ཞིག་གནང་བྱུང༌། གྲ་པ་རྣམས་ནི་དགའ་མགུ་ཡི་རང༌། ཁྱེད་གྲ་ཚང་གི་སློབ་དཔོན་ཐེས་ཆེ་ཤེས། རྒྱལ་སྲས་ཐུགས་རྗེ་དཔལ་ལས་ཀྱང་ལྷག་པ་ཞིག་བྱུང་ཟེར། ངེད་གདན་མཐོན་པོ་བརྩིགས་པའི་སྟེང་དུ་བཞག །ང་དང་དཀར་བཅོལ་བཟང་པོ་བྱེད་ཀྱིན་འདུག །ངེད་ལ་རྩེར་ཤོག་གསུང་ཆོས་རྒྱལ་ཆེན་པོས་གསོལ་ཇ་དང་གནང་སྦྱིན་བཟང་པོ་མཛད། ད་དགོས་གྲ་ཚང་ལ་ཡང་བྱམས་ཆོས་ཀྱི་གཞི་རྟེན་དགའ་མོ་སྦྱར་ཡོད། ཁྱེད་ཀྱང་ཡ་ག་ཆོས་སྡིངས་སུ་འཆད་ཉན་ལ་ཕྱིན་ན་རང་གི་ཡོན་ཏན་གྱི་རྒྱན་དུ་ཆེ། སྤྱིར་མཁན་སློབ་གཉིས་གཉིས་བྱས་པ་འདི་ལེགས་ཚོགས་ཆེ་རྒྱུ་ཡང་མི་ཡོང་འདུག་སྟེ། ཁྱེད་དཔོན་སློབ་གཅིག་གིས་གཅིག་གི་གྲོགས་སུ་ཆེ་བ་ལས། གཞན་མཐུན་མི་མཐུན་ཡོང་བའི་ཚད་དུ་མི་འདུག་གསུང་བྱུང་བས། རང་གི་འཁོས་ཀ་འདི་ལ་ཆོས་རྒྱལ་ཆེན་པོ་འདི་ལྟ་བུའི་བརྩེ་སྐྱོང་མཛད་པ་ངོ་མཚར་ཆེ་བསམ་དགའ་ཆེས། མཆི་