R171: རང་གི་རྣམ་པར་ཐར་པ་ཡུལ་སྣ་ཚོགས་ཀྱི་བདུད་རྩི་མྱོང་བའི་གཏམ་དུ་བྱས་པ་ཟོལ་ཟོག་རྫུན་གྱིས་མ་བསླད་པ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༤༣༥
[A:༤༣༥]མ་བྲོ་ལྷུག་གེ་བ་མ་གཏོགས་གཞན་ཞུ་མ་སྤོབས། དེ་ནས་འཇམ་དབྱངས་བླ་མ་ཡང་ངམ་རིང་དུ་ཕེབས་བྱུང༌། འབྲུག་ལོའི་དཔྱིད་དེ་ཡ་ག་ཆོས་སྡིངས་དཔྱིད་ཆོས་སྟེང་དུ་ཡ་ག་ཆོས་སྡིངས་སློབ་དཔོན་གྱི་གོ་རར་སླེབ། ཕྱག་འབུལ་གྱི་ཚེ་ངེད་ཁྲི་དངོས་མའི་སྟེང་དང༌། དེའི་གོང་དུ་ཁྲི་མཐོན་པའི་སྟེང་དུ་འཇམ་མགོན་བླ་མ་བཞུགས། གྲ་པ་རྣམས་ཀྱིས་ཕྱག་འབུལ་དགའ་སྤྲོ་དང་བཅས་མཛད། དེ་ཡང་སྔར་རྨི་ལམ་དུ་ཚོགས་ཆེན་པོར་ངེད་དཔོན་སློབ་ཁྲི་གཉིས་ལ་བཞུགས་པ་ཡང་ཡང་རྨི་སྟེ། ཆོས་གླིང་ཡ་ག་ཆོས་སྡིངས། བྱ་གཤོངས། ངམ་རིང་ཆོས་སྡེ་རྣམས་སུ་བླ་མའི་གདན་ཁྲིར་རང་གིས་ཀྱང་ཡང་ཡང་འཛེགས་པ་འདི་ལ་ལྟ་བ་ཡིན་པར་འདུག །འབྲུག་ལོ་ནས་བྱ་ལོའི་བར་ལོ་བཅོ་བརྒྱད་ཀྱི་བར་དུ་ཡ་ག་ཆོས་སྡིངས་སུ་འཆད་ཉན་བྱས། སྐབས་ཤིག་བྱང་ཁང་གསར་བ་མགོན་པོ་རྣམ་རྒྱལ་ལ་སྙན་ཚིག་ཅིག་ཕུལ་བས་ཤིན་ཏུ་མཉེས་ཤོག་གསུང་ཞག་འགའ་བསྡད། ཁྱེད་འདི་ལྟ་བུ་ལ་དགྱེས་པ་འདུག་གསུང་ནས་གཟིམས་ཆུང་མཆོད་གྲལ་ནས་གོང་མ་ལྔ་ཚར་གྱི་སྐུ་ཤིན་ཏུ་ལེགས་པ་ཞིག་གནང༌། ཆེས་དགའ་བ་ཁྱད་པར་ཅན་ཐོབ། རང་གཅེས་པའི་བུ་དང་ཆུང་མ་སོགས། །ཡིད་ཕོངས་མེད་སྦྱིན་གཏོང་སྔོན་རབས་ཀྱི། །རྒྱལ་དྲི་མེད་རྣམས་ལ་ཅོ་འདྲི་བའི། །བྱང་ཁང་གསར་མགོན་པོ་རྣམ་རྒྱལ་ཁྱེད། །འབངས་ངན་པས་བསླུས་པའི་མཛད་པ་ལ། །གཞན་འཕྱ་སྨོད་སྒྲོ་སྐུར་བདེན་ན་ཡང༌། །རྫས་ལོངས་སྤྱོད་འཁོར་ལ་མ་ཆགས་པར། །ཀུན་སྦྱིན་གཏོང་ཐ་མལ་སྤྱོད་ལས་འདས། །སྔོན་ས་སྐྱ་གོང་མའི་ཐུགས་རྗེས་སྦྲེལ། །ལྷ་དཀར་ཕྱོགས་སྲུང་མའི་ལྕགས་ཀྱུས་