[A:༤༣༦]དྲངས། །ཁོང་གོང་མ་མཆེད་ལྔ་རོག་གེ་བྱོན། །བདག་སྐལ་པ་བཟང་སྙམ་དགའ་སྤྲོ་འཕེལ། །ཡང་མི་དབང་དེས་ས་པཎ་གྱི་ཕྱག་བྲིས་ཀྱེ་རྡོར་གོས་ཐང་དང་ཤིན་ཏུ་མཁོ་བའི་པོ་ཏི་བཅུ་སོགས་ཀྱང་གནང༌། སྦྲུལ་ལོའི་མགོ་དེ་ཙམ་ལ་ཆོས་རྒྱལ་ཆེན་པོས་མུས་པ་ཏབ་ཏོབ་པས་བྲིས་པའི་ཀྱེ་རྡོར་ལྷ་དགུའི་བྲིས་ཐང་གསར་པ་ལེགས་པ་ཞིག་གནང་འཆད་ཉན་གྱིས་ཤིག་གསུང༌། ཁོང་སྔོན་མེད་ཀྱི་ཆོས་རྒྱལ་ངོ་མཚར་ཅན། །བསྟན་འགྲོ་ལ་ཕན་པའི་ལྷག་བསམ་ཆེ། །ཆོས་སློབ་གཉེར་བྱེད་འདོད་བུ་བཞིན་སྐྱོང༌། །ཁོང་བསམས་ཤིང་དྲན་ཚེ་ཡིད་རབ་འཕྱོ། །དུས་ལན་ཅིག་ཁོ་བོ་དྲུང་དུ་བོས། །ཁྱོད་གཞུང་ལུགས་ཆེ་ལ་བློ་གྲོས་བཟང༌། །ཆོས་ལེགས་བཤད་འཆད་ལ་འབད་ཅིག་གསུང༌། །ལྷ་དགྱེས་པ་རྡོ་རྗེའི་རས་བྲིས་ཐང༌། །ཡིད་ཚར་དུ་དངར་བའི་རི་མོ་འདི། །བྱེད་ཆོས་འཆད་དྲན་པའི་རྟེན་དུ་འབུལ། །སེམས་མ་བརྗེད་ས་ལེ་ཞོག་ཅིག་གསུང༌། ཁྱེད་ལེགས་བཤད་བཤད་པའི་མཁས་པ་རྣམས། །ལུས་ཅི་བདེར་ཉལ་དེ་སྐྱིད་པ་མིན། །ཤེས་དོན་གཉེར་འཛོམ་པའི་བློ་གསལ་ལ། །ཆོས་ལེགས་བཤད་འཆད་ན་སྐྱིད་དོ་གསུངས། །ལན་ཅིག་མཇལ་ཕྲད་ཀྱི་ཚེ་ཆེ་བསྒྲེས་སློབ་དཔོན་གཞན་རྣམས་སྐས་ལ་སུས་ཐོབ་བྱེད་ཅིང་སྔོན་ལ་འགྲོ། ཁོ་བོས་ག་ལེ་ཡོངས་ནས་གྲལ་གཞུག་ཅིག་ཏུ་བསྡད། དེ་ཆོས་རྒྱལ་ཆེན་པོས་གཟིགས་ནས་སྐུ་འདུན་དར་ཚོ་བ་བཏང༌། ཁོ་བོ་ལ་ཡར་ཤོག་གསུང་གྲལ་མཐོ་སར་བཞག །དམ་བཅའ་ཞོག་ཅིག་གསུང་དམ་བཅའ་བཞག །སྐད་འཕངས་རང་བཞིན་གྱིས་ཞན་པ་ལ་སྐད་གཟེངས་མཐོ་རུ་ཆུག་གསུང༌། བགྲོ་གླིང་མང་པོས་བཏང་ཀྱང་འགྲོ་སོང་ཆེར་མ་བྱུང༌། ཆོས་རྒྱལ་ཆེན་པོས་