[A:༤༣༧]ཁོ་བོ་ལ་རྗེས་ལ་སྡོད་གསུང༌། གསོལ་ཇ་གནང་ཐུགས་དགྱེས་དགྱེས་མཛད། གཞན་སླུ་མེད་ནམ་མཁའ་ཚེ་དབང་དེས། །ཁོང་བློ་གསལ་ཡོངས་ལ་ཐུགས་བརྩེ་ནའང༌། །སྒོས་རང་ལ་དགྱེས་པའི་སྤྱན་ཟུར་གཡོ། །དོན་སླུ་བ་མེད་འདི་ངོ་མཚར་ཆེ། །འཆད་ཉན་དེ་ཡང་ཕར་ཚད་གཉིས། འདུལ་མཛོད་གཉིས། དབུ་སྡོམ་གཉིས། བྱམས་ཆོས་རིགས་གཏེར་རྣམས་ལ་འཆད་ཉན་རུས་ཐོན་བྱས། དེ་ཡང་སློབ་གཉེར་བ་གྲྭ་པ་བརྒྱ་སྐོར་བྱུང༌། ཐོ་རངས་ཆོས་རྔ་སྔ་བར་བཏང་སྟེ་ཐོར་སྐྱོངས་ལ་ཡང་རང་གིས་སྐོར་བ་བྱེད་ཅིང་བསྡད། ཟུར་ཆོས་ཞུ་བ་ལ་ཆོས་བཤད། ནམ་ལངས་ནས་དཔེ་འཛིན་གྱི་ཚེ་གྲ་པ་སློབ་གཉེར་བ་གྲ་ཁང་དུ་ཉལ་ཆོག་པ་རྣམས་ཀྱང་དཔེ་འཛིན་ལ་བསྡུས། ཚ་བའི་གཎྜེ་བྱུང་བྱུང་རང་གིས་ཀྱང་བསྡད། ཚ་བ་གྲོལ་ནས་སྔ་ཆོས་ཚར་གཉིས་གཉིས། དེ་ནས་གུང་སངས་ཅུང་ཟད་བྱས། དེ་མཚམས་དགོངས་ཆོས་ཀྱི་གཎྜི་བརྡུངས་ཏེ་དགོངས་ཆོས་ཚར་གཉིས། དེ་ནས་ཆོས་སྤྱོད་རིགས་ལུང༌། དེ་གྲོལ་མཚམས་བྲང་བདག་མ་ཡིན་པའི་སློབ་གཉེར་བ་རྣམས་འདུ་ཁང་དུ་ཉལ་དགོས་པས་སྲོད་སྐྱོངས་རྒྱུན་རིང་པོའི་བར་ལ་རང་གིས་ཀྱང་བསྡད། ཆོས་ཁྲིམས་པས་སྣང་གསལ་དང་བཅས་སྐོར་བ་བྱེད་དགོས་དེ་ལྟ་བུ་འཆག་མེད་དུ་དཔྱིད་ཆོས། སྟོད་བཅུ་ཚིག་བཞི་འམ་ལྔ། སྨད་བཅུ་ཚིགས་བཞི་སྟོན་ཅག་སྟོད་བཅུ་ཚིགས་གཉིས། སྨད་བཅུ་ཚིགས་གཉིས། སྟོན་ཆོས་བཅུ་ཚིགས་གཉིས་སམ་བཅོ་ལྔ་ཚིགས། དེ་དག་གི་གོང་དུ་གསེར་ཆོས་བཅུ་ཚིགས་གཉིས་སམ་བཅོ་ལྔ་ཚིགས་རེ་འཆག་མེད་དུ་ཡོང་བས། དེ་དག་ལ་ཁོ་བོ་རང་གི་ཞ་ཆག་མེད་པར་ཕྱིན་པས་སློབ་གཉེར་བ་