R171: རང་གི་རྣམ་པར་ཐར་པ་ཡུལ་སྣ་ཚོགས་ཀྱི་བདུད་རྩི་མྱོང་བའི་གཏམ་དུ་བྱས་པ་ཟོལ་ཟོག་རྫུན་གྱིས་མ་བསླད་པ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༤༣༨
[A:༤༣༨]རྣམས་ཀྱང་རྒྱུད་འབྱོངས་ནས་འཆག་མེད་དུ་ཁྲིག་ཁྲིག་ཡོད། ཆོས་ཁྲིམས་པ་འགའ་རེས་ཁྱོད་རང་འོ་བརྒྱལ་ངེད་ཆོས་ཁྲིམས་པས་ཆོག་ཟེར་ཏེ། ངེད་རང་མ་ཕྱིན་ན་བཙུན་ཆུང་རེ་རེ་གཅིག་གཉིས་ལས་ཆོས་གྲ་སེ་སྟེར་རེ་ལས་མི་ཡོང་འདུག །དེ་ལྟ་བུ་ལོ་བཅོ་བརྒྱད་ཀྱི་བར་དུ་འཆག་མེད་དུ་བྱས་པས་སློབ་གཉེར་བ་རྣམས་ཀྱང་ཧུར་ཐག་ཆེ་ཞིང་ཉམས་འཆར་བ། ཆོས་སྡེ་དང་གྲ་ཚང་དུ་སྤྱི་སྒྱུར་ཡང་ཡང་ལང་དགོས་པས་རིགས་ལུང་མཆོད་ཡར། གཞན་ལ་སྨོན་མི་དགོས་ཤིང་རང་ཉིད་མངོན་པར་མཐོ་བ་ཁོ་ན་བྱུང༌། གྲ་པ་རྣམས་ཀྱང་བྱ་གཤོངས་དང་སློབ་གཉེར་མཉམ། གྲ་ས་གཞན་ལས་ལྷག་ཟེར་བའི་འཛིན་བཏང་བྱེད་པ་ཞིག་ཡོད། ཆོས་རྗེ་ལས་ཆེན་ཆོས་དོན་གྲུབ་པའི་གསུང་གི་ཡ་ག་ཆོས་སྡིངས་པའི་སློབ་གཉེར་བ་འདི་རྣམས་བསོད་ནམས་བསགས་པར་འདུག །རྗེ་ཁྱེད་ལྟ་བུའི་འཆད་ཉན་བྱེད་མཁན་ཡོད། སྤྱི་སྒྱུར་ལང་བའི་ཚེ་ཡང་པོ་ཏི་འདི་ལ་ལང་ཟེར་བ་མ་གཏོགས་གཞུང་འདི་དགོས་ཀྱི་དམིགས་བསལ་མི་དགོས། གྲ་སྐོར་སོགས་དད་ཅན་རྣམས་ཀྱང་རྨིག་མེད་པར་བྱེད། གྲ་ས་ནས་འོངས་པའི་སློབ་གཉེར་བ་ང་ཡིན་ཟེར་བ་རྣམས་ཀྱང་ངེད་ཡ་ག་ཆོས་སྡིངས་པ་ཞིག་དང་སློང་དགོས། གཞུང་འདི་དགོས་ཟེར་ལངས་པའི་དུས་སུ་སྐད་ངར་ཆག་པ་ཞིག་ག་ཡོང་གིན་འདུག་གསུངས། ཡང་ལན་ཅིག་ཡ་ག་ཆོས་སྡིངས་པའི་གྲངས་ཆེན་རབ་འབྱམས་པ་ཤེས་རིན་ཟེར་བ་དེ་ཁོ་བོའི་ངག་རྒྱུན་རང་གཞན་གྱི་གྲུབ་མཐའ་སོ་སོ་ལ། འཐད་མི་འཐད་ཀྱི་དགག་སྒྲུབ་བྱས་པ་ཞིག་ཡོད་པ་དེ་ལ་ཆོས་སྡེ་ཆེན་པོར་བཤད་པ་བྱས་པས་ཆེ་བགྲེས་སློབ་དཔོན་རྣམས་བཤད་པ་ཤིན་ཏུ་སྙན་པ་བྱུང༌། འོན་ཀྱང་