[A:༤༣༩]གཙུབ་བཤད་ཐོ་རེ་བ་འདུག་པ་འདི་ཁྱེད་ཀྱིས་བསླབས་པ་ཡིན་པ་འདུག་ཟེར། ལན་ཅིག་ཡ་ག་ཆོས་སྡིངས་ཀྱི་མང་ཇའི་ཐོག་ཏུ་ཁོ་བའི་ངག་རྒྱུན་སྡོམ་གསུམ་གྱི་བཤད་པ་ཞིག་ཡོད་པ་དེ་ལ་བཤད་པ་བྱས་པས་ཁོང་སྨྲ་ལྕེ་བདེ་ཞིང་བཤད་པ་བྱེད་མཁས་པ་ཞིག་ཡོད་པས། གུང་གྲལ་ལ་ཆོས་ཁྲིམས་པ་དཔལ་འབྱོར་གཟི་བརྗིད་ཟེར་བ་མ་གཅིག་གི་གཅོད་བྱེད་པ་ཞིག་ཡོད་པ་དེས་ཕཊ་ཟེར་སྐད་ཆེན་པོ་ཞིག་རྒྱབ་བྱུང་བས། གྲ་པ་རྣམས་བཞད་གད་ཐག་གེ་བ་ཞིག་བྱུང༌། ཁོ་བོས་ཆོས་ཁྲིམས་པ་དེ་ལ་དེ་འདྲ་ཅི་ཡིན་བྱས་པས་བཤད་པའི་དགའ་བ་ལ་སྙམ་པ་འཛིན་པ་ཆེན་པོ་ཞིག་སྐྱེས་བྱུང་བ་དེ་གཅོད་སྙམ་ནས་ཕཊ་ཤོར་སོང་ཟེར་རོ། །ཡང་དེའི་ཚེ་འཇམ་དབྱངས་བླ་མས་དགུང་གྲངས་རེ་གཅིག་པ་གླང་ལོ་ངམ་རིང་ཆོས་སྡེའི་མཁན་པོ་མཛད། དེ་རྗེས་དབོན་གནས་གཉག་ཕུར་ཆོས་ཉན་པ་སུམ་ཅུ་སྐོར་ལ་གསུང་ངག་ཐོག་མ་གནང༌། དེའི་ཚེའི་དཀྱིལ་འཁོར་གྱི་ཐིག་དང༌། རྡུལ་ཚོན་གྱི་དཀྱིལ་འཁོར་བཞེངས་པ་སོགས་བདག་རང་གཅིག་པུས་བྱས། སྔར་རྗེ་ཚར་ཆེན་ལ་མ་ཐོབ་པའི་གསུང་ངག་གི་ཆ་ལག་ཅུང་ཟད་ཡོད་པ་རྣམས་ཀྱང་ཟུར་དུ་ཅི་ཐོབ་བྱས། འཇམ་དབྱངས་བླ་མས་གསུང་ངག་ལན་གསུམ་གནང་བའི་བར་པ་ལ་དཀྱིལ་འཁོར་བྲིས་ཐིག་སོགས་མཆོད་གཡོག་མ་གཏོགས་གསུང་ངག་རང་ལ་མ་ཞུགས། ལན་གསུམ་པ་དེ་བདག་བྱ་གཤོངས་ན་ཡོད་པའི་སྐབས་སུ་གནང་བར་འདུག་སྟེ། ཐུབ་བསྟན་མཁན་ཆེན་ཆོས་རྗེ་སངས་རྒྱམ་པ་དང༌། ཆོས་རྗེ་དཔལ་སྲས་པ་སོགས་དགེ་བའི་བཤེས་གཉེན་མང་པོ་བྱུང་བར་འདུག །ཡང་ཁོ་བོས་ཆོས་མཚམས་ཤིག་ལ་བླ་བྲང་དུ་མཚམས་ཤིག་