R171: རང་གི་རྣམ་པར་ཐར་པ་ཡུལ་སྣ་ཚོགས་ཀྱི་བདུད་རྩི་མྱོང་བའི་གཏམ་དུ་བྱས་པ་ཟོལ་ཟོག་རྫུན་གྱིས་མ་བསླད་པ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༤༤༠
[A:༤༤༠]བྱས་པས། ཉིན་མོ་རླུང་བུམ་པ་ཅན་བཟུང་བས་ས་པཎ་གྱི་སྐུ་ཐང་ཆོས་འཆད་མ་དེའི་ཆོས་འཆད་ཀྱི་མཐེབ་མཛུབ་གཉིས་པོ་ཀྲབ་ཀྲབ་བྱེད་ཀྱིན་འདུག །གཞན་ནི་ཅི་ཡང་འགུལ་བ་མི་སྣང་དེ་ཡང་སྨིག་རྒྱུའི་ཉམས་ཡིན་པར་འདུག་སྟེ། ཆོས་འཆད་ཉན་གྱིས་ཤིག་པའི་བརྡ་ཡིན་ཟེར་བའི་འུད་ཆེན་པོ་བྱས་ཀྱང་ཆོག་པ་འདུག །ཡང་ལན་གཅིག་བླ་བྲང་ཀ་བཞི་མའི་ཀ་བ་བཞི་པོ་ཕར་ཡོམ་ཆུར་ཡོམ་བྱས་ཀ་བ་དང་གཞུ་བྲལ་འགྲོ་བ་སྙམ་བྱེད་པའི་ཉམས་ཤར་དེའང་སྨིག་རྒྱུའི་ཉམས་ཡིན་པར་འདུག། ཡང་ལན་ཅིག་རླུང་བུམ་པ་ཅན་བཟུང་བས་ཐོག་མར་བཙན་ཐབས་རྒྱབ་པའི་ནག་ཐིབ་པ་ཞིག་བྱུང༌། དེ་རྗེས་གསལ་ལ་དངས་པའི་ཉམས་ཀྱི་སྣང་བ་ལ་བར་སྣང་ནས་རྟེན་ཁེགས་དུམ་སྒྲིགས་མ་རི་མོ་སྣ་ཚོགས་བཀྲ་བ་ཁ་དོག་ཟངས་མདོག་ལྟ་བུ་གཅིག་རྗེས་ལ་གཅིག་རིམ་པ་ལོག་ལོག་ལག་པས་འཛིན་ཐུབ་པ་ལྟ་བུའི་སྣང་བ་འཆར་བ་དང༌། ཡང་རེས་འགའ་རྨ་བྱའི་སྒྲོ་མདོངས་ལྟ་བུ་རི་མོ་སྣ་ཚོགས་བཀྲ་བ། ཁ་དོག་སྣ་ཚོགས་བྱས་པ་མིག་ལམ་དུ་ཁོར་མོར་འཁོར་བ་དང༌། རེས་འགའ་རི་མོ་ལྟར་མི་བཟོད་པ་ལྟ་བུ་བྱས་པའི་ཡོལ་བ་གསར་པ་བཀྲ་ཡལ་ལེ་བ་དེ་འདྲ་མདུན་དུ་ཁོ་རེ་རྒྱབ་པ་དང༌། རེས་འགར་རི་མོ་རྩིང་ཚལ་ལེ་བ་ཁ་དོག་རྙིང་སོང་བ་ལྟ་བུའི་ཡོལ་བ་རྒྱབ་པའི་སྣང་བ་ཤར་བ་བྱུང་སྟེ། ཁམས་ཐིག་ལེ་དངས་སྙིགས་ཀྱི་ཁྱད་ཡིན་པ་འདྲ་སྙམ། རེས་འགའ་ལྕེར་སྔར་མྱོང་མ་དྲན་པའི་རོ་ཞིམ་པོ་སྣ་ཚོགས་མྱོང་བ་དང༌། སྔར་མ་མྱོང་བའི་དྲི་ཞིམ་པོ་སྣོམ་པ་དང༌། རྣ་བར་སྒྲ་སྣ་ཚོགས་ཐོས་པ་དང༌། མིའི་གླེང་མོ་སྣ་ཚོགས་རྣ་བར་ཤིབ་ཤིབ་ཡོང་བ་དང༌། རེས་འགའ་ནམ་མཁའ་སྔོ་སང་ངེ་བ་ལ་སྐར་མ་ཁྲ་ཐག་གེ་བའི་ཉམས་འཆར་བ་དང༌།