[A:༤༤༡] རེས་འགའ་མིག་གི་སྟེང་ཙམ་ན་ཉི་མ་ཤར་བ་ལྟ་བུའི་འོད་ལྷག་གེ་བའི་ཉམས་འཆར་བ་བྱུང་སྟེ། ལམ་འབྲས་རྡོ་རྗེ་ཚིག་རྐང་ལས་སྒྲ་སྣ་ཚོགས་དང་དྲི་རོ་ཞེས་སོགས་ཀྱི་དོན་ཡིན་པར་སྣང༌། རླུང་གི་ཉམས་དེ་ལྟ་བུ་སྣ་ཚོགས་ནི་རླུང་འཛིན་ནུས་ན་དེའི་བར་དུ་རྒྱུན་མ་ཆད་པར་ཡོང་བ་ཞིག་འདུག །རླུང་དང་རྨི་ལམ་ཟིན་པའི་ཉམས་སྣང་ལ། །ངོར་མཚར་ལྟད་མོ་སྣ་ཚོགས་མཐོང་དང་ཐོས། །རྡོ་རྗེ་ལུས་ཀྱི་རྟེན་འབྲེལ་ཡ་མཚན་སྙམ། །ཡིད་ལ་རབ་དགའ་སྐྱེས་པ་བླ་མའི་དྲིན། །ཡང་དགོན་པ་ལུ་ཕུ་དེ་ན་ས་པཎ་གྱི་སྡོམ་རྒྱུན་བཞུགས་པའི་བླ་མ་རིམ་པར་བྱུང་བ་ལ། སྐབས་ཤིག་བླ་མ་གཅིག་ལ་ས་པཎ་གྱི་སྡོམ་རྒྱུན་དེ་མི་ཞུགས་པས། ཆོས་རྒྱལ་ནམ་མཁའ་ཚེ་དབང་རྡོ་རྗེས་ཁྱེད་ཀྱི་སྡོམ་རྒྱུན་དེ་ས་པཎ་གྱི་སྡོམ་རྒྱུན་ཡིན་པས་དེ་ཆད་ན་ཕོངས། སྡོམ་རྒྱུན་བཞུགས་པའི་སྒྲུབ་ཆེན་མཁྱེན་པ་ཡངས་པ་ཞིག་ལ་སྡོམ་རྒྱུན་དེ་ལོང་ཞིག་ཅེས་བསྟན་པ་ལ་གཅེས་སྤྲས་སུ་ཆེ་བའི་བཀའ་སྩལ་ཕེབས། དེ་ལྟར་བྱས་པས་དགོན་པ་དེ་ན་ས་པཎ་གྱི་སྡོམ་རྒྱུན་རྒྱུན་མ་ཆད་པར་ཡོད་པ་དེ་ཐོས་ནས། བདག་གིས་འཇམ་མགོན་བླ་མ་ལ་བདག་ས་པཎ་གྱི་སྡོམ་རྒྱུན་ཅིག་ཞུ་འདོད་པས་ཇི་ལྟར་ལེགས་ཞུས་པས། ས་སྐྱའི་གྲ་དགོན་གཞན་གང་ན་ཡང་དེ་འདྲ་ཡོད་པར་མི་འདུག །ལུ་ཕུ་ན་ཡོད་པའི་ངེས་པ་བརྟན་པོ་ཡོད་ན་རང་རེ་དཔོན་སློབ་གཉིས་ཆར་དེ་ལྟར་བྱས་པས་ཆོག་གསུང༌། བཀའི་གནང་བ་ཐོབ་ནས་ལུ་ཕུའི་མཁན་པོ་སངས་རྒྱས་འོད་ཟེར་ལ། མཁན་སློབ་དགེ་སློང་འདྲ་དང༌། ཡ་ག་ཆོས་སྡིངས་ཀྱི་དགེ་སློང་གཙང་མ་འདྲ་བསགས་བློན་པོ་ཆུ་ཚན་ཁར་དཀར་གུར་ཡངས་པོའི་ནང་དུ་དཔོན་སློབ་གཉིས་ཀྱིས་བསྙེན་རྫོགས་མཛད། སྔར་