[A:༤༤༣] ཞེས་པའི་ཚིག་གི་ནུས་པ་མ་རྙེད་པར་ཟད་དོ། །མདོར་ན་གསང་སྟོན་ཡོད་ན་གསང་སྟོན་བསྐོ་བའི་ལས་དགོས། བསྐཽ་བའི་ལས་ལ་ལྔ་ཚང་དགོས་ཏེ། བསྐོ་བའི་ཡུལ་དགེ་སློང་གཅིག །བསྐོ་མཁན་དགེ་སློང་བཞི་ཚང་དགོས་པའི་གནད་ཀྱིས་ཡིན། གསང་སྟོན་མེད་ན་དགེ་སློང་བཞིས་ཆོག་པའི་གནད་མ་གོ་བར་བབ་ཅོལ་མ་མཛད་ཅིག །ཁ་ཆེ་པཎ་ཆེན་ནས་བརྒྱུད་སྡོམ་རྒྱུན་ལ། །རྡོར་བྱང་གཉིས་དང་ས་སྐྱ་པཎ་ཆེན་གསུམ། །ས་པཎ་ནས་བརྒྱུད་ལེགས་ཀྱང་དཀོན་མཐོང་ནས། །འབད་པས་བསྒྲུབས་འདི་ཁོ་བོའི་དཔལ་དུ་ཤར། །ལུགས་གང་ལའང་གནད་འགག་མ་ཤེས་ན། །གཏམ་ཆལ་ཆོལ་མང་པོས་རང་གཞན་བསླུ། །ཆོས་འདུལ་བ་སྐྲ་ཤད་འཛིངས་འདྲ་ལ། །གནད་མ་ཟིན་འཆོལ་ལོ་འདུལ་འཛིན་རྣམས། །དེས་ན་ཁོ་བོས་ཀྱང་ཡ་ག་ཆོས་སྡིངས་སུ་རབ་བྱུང་དང་བསྙེན་རྫོགས་མཁན་པོ་མང་པོ་དང༌། ཀྱེ་རྡོར་མན་ངག་ལུགས་ཀྱི་རྡུལ་ཚོན་དུ་དབང་བསྐུར་བ་ཁ་རེ་དང༌། རྗེས་གནང་ཕྲན་ཚེགས་མང་པོ་དང༌། ཆོས་རྗེ་བསྟན་པ་དར་རྒྱས་དང༌། ཆོས་རྗེ་ཉི་མ་བཀྲ་ཤིས་གཉིས་ལ་ལམ་འབྲས་འཁྲིད་ཀྱང་ཐལ་ཙམ་ཞིག་ཐོག་མར་བྱས། ཆོས་རྗེ་སངས་ལེགས་བ་སོགས་ཡ་ག་ཆོས་སྡིངས་པ་བདུན་ཙམ་ལ་གཤེད་དམར་ལྷ་ལྔའི་དབང་དང་བརྒྱུད་པ་གཉིས་ལྡན་གྱི་སྤྲོས་མེད་ཀྱི་འཁྲིད་ཆ་ལག་ཚང་མ་ཞིག་བྱས། གཞན་མདོ་ཕྱོགས་ཀྱི་འཆད་ཉན་གཙོ་བོ་ཡིན། རྩོམ་པའི་རིགས་མཛོད་ཀྱི་སྤྱི་དོན་ཆེན་མོ་དང༌། རིགས་གཏེར་དཀའ་འགྲེལ་དང༌། ཕར་ཕྱིན་ཟུར་བཀོལ་ཁ་རེ་དང༌། སྡོམ་གསུམ་སོ་ཐར་གྱི་དཀའ་འགྲེལ་སོགས་ཡིག་ཆ་ཅུང་ཟད་དང༌། བསྟན་རྩིས་ཤོག་བུ་བརྒྱ་ཙམ་བྱས་པ་དེ།