R171: རང་གི་རྣམ་པར་ཐར་པ་ཡུལ་སྣ་ཚོགས་ཀྱི་བདུད་རྩི་མྱོང་བའི་གཏམ་དུ་བྱས་པ་ཟོལ་ཟོག་རྫུན་གྱིས་མ་བསླད་པ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༤༤༢
[A:༤༤༢]གྱི་སྡོམ་རོ་རྙིང་པ་ལ་འབུལ་ཆོག་མ་བྱས་ན་སྡོམ་པ་བླངས་ཀྱང་མི་ཆགས་པ་འདུལ་བའི་ལུགས་ཡིན་ཏེ། མདོ་རྩ་བ་ལས་བླངས་པ་ལ་སླར་བླང་བ་མེད་པའི་ཕྱིར་རོ། །ཞེས་གསུངས་པས་ཤེས། དེས་ན་ཁོ་བོས་དགེ་སློང་གི་བསླབ་པ་ཕུལ། དགེ་ཚུལ་དགེ་བསྙེན་གྱི་བསླབ་པ་གཉིས་ནི་ཀུན་མཁྱེན་ལྕགས་ཐང་པ་ལས་ཐོབ་པ་ཡིན་པས་མ་ཕུལ། དེའི་ཚེ་སློབ་དཔོན་དང་གསང་སྟོན་གྱི་འོས་སུ་གྱུར་པ་གཞན་མ་རྙེད་པས། མཁན་ཆེན་སངས་རྒྱས་འོད་ཟེར་བས་མཁན་པོ་དང་ལས་སློབ་གཉིས་ཆར་མཛད། གཞན་དགེ་སློང་གཙང་མ་གསུམ་དང་བཅས་ཏེ་དགེ་སློང་བཞིའི་དབུས་སུ་བསྙེན་པར་རྫོགས་སོ། །མཁན་སློབ་གཅིག་གིས་བྱེད་པ་ནི་བུ་རིན་པོ་ཆེས། མཁན་སློབ་གཅིག་གིས་བྱེད་པ་འདི་བོད་ཀྱི་འདུལ་བ་འཛིན་པ་རྣམས་ལ་ནི་སྣང༌། གཞུང་ནས་བཤད་པ་ནི་མ་མཐོང་གསུངས་ཏེ་ཐུགས་མད། དམ་ཆོས་འདུལ་བའི་ལུགས་ལ་བཤད་ཚོད་ཡོད་ཀྱང་ལག་ལེན་མེད་པ་དང༌། ལག་ལེན་ཡོད་ཀྱང་བཤད་ཚོད་མེད་པའི་དམིགས་བསལ་མང་པོ་ཡོད་པ་དེའི་དམིགས་རྣམ་ཕྱེད་དགོས་སོ། །ཡང་འདུལ་འཛིན་ཁ་ཅིག་དགེ་སློང་བཞི་ལས་བསྙེན་པར་རྫོགས་སུ་མི་རུང་གསུང་སྟེ། འདུལ་བ་ཚིག་ལེ་ལས། གལ་ཏེ་བཞི་ནི་ལས་བརྗོད་མཁས། །ཚུལ་ཁྲིམས་ལྡན་པར་གྱུར་ན་ནི། །བསྙེན་རྫོགས་མ་སྨད་གྱུར་པ་སྟེ། །ལྷ་ཡིས་ཀྱང་ནི་ཕྱག་བྱར་འོས། །ཞེས་བཤད་པ་འདི་མ་གཟིགས་པར་ཟད། ཁ་ཅིག་དགེ་སློང་བཞིའི་སྟེང་དུ་ལས་བརྗོད་མཁན་བསྣན་པའི་ལྔ་ཚང་པ་ལ་དགོངས་ཟེར་བའི་འབྲུ་སྐྱོག་གནང་མཁན་ཡོད་དེ། གལ་ཏེ་བཞི་དང་ལས་བརྗོད་མཁས་ཟེར་པ་ཡོད་ན་དེ་སྐད་རིགས་ནའང༌། གལ་ཏེ་བཞི་ནི་ལས་བརྗོད་མཁས།