R171: རང་གི་རྣམ་པར་ཐར་པ་ཡུལ་སྣ་ཚོགས་ཀྱི་བདུད་རྩི་མྱོང་བའི་གཏམ་དུ་བྱས་པ་ཟོལ་ཟོག་རྫུན་གྱིས་མ་བསླད་པ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༤༤༤
[A:༤༤༤] དཔྱིད་ཀ་ཆོས་དབར་ཅིག་ལ་ལྕོག་བུའི་ནང་དུ་མཚམས་བྱས་བརྩམས་པས་བླ་མ་སོ་སོ་ལ་དད་འདུན་ཡང་ཆེན་པོ་བྱུང༌། བྱིན་རླབས་ཀྱི་རྟེན་འབྲེལ་ཡང་ཡིན་ནམ་ཤེས་རབ་ཡང་གསལ་དུ་སོང་པ་སྙམ་བྱུང༌། དེ་དུས་ནུབ་དགོན་ནས་ཀྱི་སློབ་གཉེར་བ་ཤེས་འདོད་ཅན་ཤིན་ཏུ་མང་པ་ཡོད་པས། དེ་རྣམས་ཀྱིས་ཕར་ཚད། སྡོམ་གསུམ་སོགས་ལ་ཟིན་བྲིས་བྱས་པ་མང་དུ་བྱུང༌། འཇམ་དབྱངས་བླ་མའི་ངོ་མཚར་རྟོགས་བརྗོད་དཔལ་གྱི་འཁྲི་ཤིང་ཡལ་འདབ་བཅུ་བདུན་པ་ཡན་གྲུབ། ཡལ་འདབ་བཅོ་བརྒྱད་པ། བཅུ་དགུ་པ། ཉི་ཤུ་པ། ཉི་ཤུ་རྩ་གཅིག་པ་རྣམས་དེ་སྔ་མ་གྲུབ་པ་མི་དབང་འདར་ནས་དགྲ་འདུལ་དོན་གྲུབ་དང༌། མི་དབང་གྲག་པ་ལ་སོགས་ཀྱིས་འདི་དཔག་བསམ་འཁྲི་ཤིང་གཉིས་པ་ཡིན་པས་འཕྲོ་རྫོགས་པ་ཞིག་རྩོམ་དགོས་ཞེས་གསེར་གྱི་མེ་ཏོག་དང་བཅས་བསྐུལ་ནས་ཤིང་མང་དགོན་པར་གྲུབ། མི་དབང་གདོང་དགའ་བ་རྣམ་རྒྱལ་པས་རྣམ་རིག་རྟོགས་བརྗོད་ཀྱི་ཡལ་འདབ་དང༌། དབུ་མ་རྟོགས་བརྗོད་ཀྱི་ཡལ་འདབ་གཉིས་པོ་འདི་ལ་འགྲེལ་པ་རེ་བྱུང་ན་མཁས་པ་དཔྱོད་ལྡན་གྱི་རྒྱན་དུ་ཆེ་བ་འདུག་པས་རྩོམ་དགོས་ཞེས་སྙིམ་པ་མེ་ཏོག་དང་བཅས་བསྐུལ་ནས་དཔལ་ཡ་ག་ཆོས་སྡིངས་སུ་གྲུབ་པ་ཡིན། རོང་འཚོ་ནས་མི་དབང་དཔལ་འབྱོར་དོན་གྲུབ་ཀྱིས་ཡལ་འདབ་གཞན་རྣམས་དང༌། ཁྱད་པར་ཡལ་འདབ་ཉི་ཤུ་པ་འདུལ་བའི་ཐད་ཀྱི་འགྲེལ་བ་ཡང་རྩོམ་དགོས་གསུང་བ་ཞིག་བྱུང་ཀྱང་སྔར་ཕན་མ་གྲུབ། ཡང་མཁས་པ་རྡོ་རྗེ་རྒྱལ་མཚན་པས་དཔལ་ལྡན་ངོར་ཕྱོགས་ལ། སེམས་བསྐྱེད་བརྒྱུད་པ་མེད་པ་དང༌། ཞེས་སོགས་ཀྱི་སྐྱོན་བརྒྱད་འཕངས་པ་ལ། ངོར་ཆེན་དཀོན་མཆོག་ལྷུན་གྲུབ་པས་དེའི་ལན་མཛད།