[A:༤༤༥] སླར་ཡང་དེའི་ལན་མཁན་ཆེན་བཟང་པོ་བཀྲ་ཤིས་ཀྱིས་མཛད་པ་ལ་ཁོ་བོས་དེའི་ལན། བདུད་རྩི་སྨན་སྦྱོར་གྱི་བསྟན་བཅོས་ཞེས་པ་ཞིག་ཆོས་གླིང་སློབ་དཔོན་བྱེད་སྐབས་སུ་སྦྱར་ནས་ཕུལ་བས། དོན་ལ་དཔྱོད་པའི་ལན་ནི་ཆེར་མ་བྱུང༌། འོན་ཀྱང་ན་ཚོད་གཞོན་ནུ་ལ། ལེགས་བཤད་འདི་འདྲ་ངོ་མཚར་ཆེ། གསུང་བ་སོགས་ཐུང་ཙམ་གནང་བྱུང་ངོ༌། །ཡ་ག་ཆོས་སྡིངས་ཆོས་ཀྱི་སྐྱེད་ཚལ་དུ། །བློ་གསལ་བློ་ལ་བློ་གྲོས་ཁ་ཕྱེ་སྟེ། །ཟབ་དོན་གཉེར་ལ་ཟབ་འཁྲིད་བརྡ་དོན་བཙལ། །བློ་གསལ་མཁས་ལ་ལེགས་པར་བཤད་པའི་གཏམ། །བསྟན་རྩ་ཚུལ་ཁྲིམས་མ་སྨད་བསྙེན་རྫོགས་སྡོམ། །ས་སྐྱའི་འཇམ་མགོན་ལས་འོངས་པད་དཀར་དྲི། །སྣོམ་བྱེད་སྐལ་བཟང་བུང་བའི་མགྲིན་རྔ་ཡིས། །ཐུབ་བསྟན་ངུར་སྨྲིག་སྐྱེད་ཚལ་ཁྱབ་གྱུར་ཅིག །དེ་ནས་སྟག་ལོ་བ་སནྟའི་ཟླ་བ་གསུམ་པ་ལ་ངེད་དཔོན་སློབ་གཉིས་ཅར་གྱིས་འདར་དུ་བྱོན། རྗེ་བློ་གསལ་རྒྱ་མཚོ་ཆོས་འཁོར་ཡང་རྩེའི་བླ་བྲང་སྤེ་སེར་ན་བཞུགས་པ་དང་མཇལ། ལམ་དབང་ཚར་གཅིག །འཕགས་པ་སྤྱན་རས་གཟིགས་བཅུ་གཅིག་ཞལ་གྱི་རྗེས་གནང༌། སྨྱུང་གནས་ཀྱི་ཆོག་ཁྲིགས། གཉག་ཕུ་བ་བསོད་ནམས་བཟང་པོས་མཛད་པ་དེའི་ལུགས་གཏིང་སྐྱེས་བྱ་བྲལ་བ་ཀུན་དགའ་མཆོག་ལྡན་གྱིས་མཛད་པའི་སྨྱུང་གནས་ཆོག་ཁྲིགས་ཀྱི་ལུང༌། དགེ་སློང་མ་དཔལ་མོའི་རྣམ་ཐར༌། སྨྱུང་གནས་བརྒྱུད་པའི་བླ་མ་སོ་སོའི་རྣམ་ཐར་གྱི་ལུང་སོགས་ཐོབ། དེའི་ཚེ་རྗེ་བླ་མའི་གསུང་ལས་ད་ལོ་དོག་ཆ་ཆེན་པོ་ཡོད་ཟེར་བ་འདུག་ཀྱང་ད་ལོ་ལོ་དྲུག་ཅུ་རྩ་དྲུག་པ་ཡིན་ཏེ། ད་ལོ་རང་མི་འཆི་ཙམ་ཡོང་ལས་ཆེ་གསུང་པ་ཞིག་ཡོད་ནའང་གཤེགས་པ་དེ་གློ་