[A:༤༤༦]བུར་སྐུ་ཚེའི་བར་ཆད་ཀྱི་རྣམ་པ་ཞིག་བྱུང་ངམ་སྙམ། གང་ནའང་ངེད་དཔོན་སློབ་ཀྱིས་ཐོབ་པའི་གསུང་ཆོས་དེ་རྣམས་འདའ་ཁ་མའི་ཆོས་རང་དུ་འདུག་པས་སྐལ་བ་བཟང་ཟེར་བ་བྱུང་སྟེ། དེ་ག་རང་དུ་འདུག་སྟེ། དེ་ནས་དག་པའི་ཞིང་དུ་མ་གཤེགས་བར་དུ་སུ་ལ་ཡང་བཀའ་ཆོས་ཀྱི་རིམ་པ་མ་བྱུང་འདུག་པས་སོ། །དྲིན་འགྲན་བྲལ་གྱི་རྗེ་བཙུན་བློ་གསལ་བ། །ཆོས་ཐོབ་ཐོབ་སློབ་བུ་མང་ན་ཡང༌། །སྤྱན་ཟུར་མིག་གཟིགས་པའི་འདའ་ཀའི་ཆོས། །དོན་ཞལ་གདམས་ཐོབ་པ་རེ་རེ་ཙམ། །ཡང་ཡ་ག་ཆོས་སྡིངས་སུ་འབྲུག་ལོ་སླེབ་པའི་ལོ་དེ་མཚན་གྱི་རྨི་ལམ་ལ་ཤར་ཕྱོགས་ནས་ཟླ་བ་སྐྱ་རྒྱང་བྱུང་བ་དེ་ཉི་མ་ལ་ཐིམ། ཉི་མ་དེ་ཡང་ནུབ་ཕྱོགས་ཀྱི་རི་ཞིག་གི་ཕག་ཏུ་ཐིམ་སོང་བ་ཞིག་རྨིས། དེ་ངེད་རང་དཔོན་སློབ་ལ་ཡོད་པ་ཡིན་ནམ་སྙམ། འཇམ་དབྱངས་བླ་མ་ལ་ཞུས་པས། དབུས་གཙང་གི་སྡེ་དཔོན་ཆེན་པོ་གཉིས་ལ་ལྟ་བ་ཨེ་ཡིན་གསུངས། དེ་ཀ་བཞིན་སྦྲུལ་ལོ་ལ་སྔོན་ལ་ཆོས་རྒྱལ་ནམ་མཁའ་རིན་ཅེན་གཤེགས། དེར་རྗེས་ལོ་དེ་ག་ལ་ཆོས་རྒྱལ་ནམ་མཁའ་ཚེ་དབང་རྡོ་རྗེ་གཤེགས་པས་དེ་གཉིས་ལ་ལྟས་པར་འདུག་གོ །ཁོང་འཁྲུལ་མེད་ཀྱི་ཆོས་རྒྱལ་ཡབ་སྲས་གཉིས། །བསྟན་འགྲོ་ལ་སྲོག་བཞིན་གཅེས་ན་ཡང༌། །གདོན་བསམ་ངན་སྦྱོར་རྩུབ་ལང་ཤོར་མཁན། །ལས་ངན་བྱེད་ངོ་སོར་བྱེད་ཅེས་གྲགས། །དུས་དེང་སང་གི་བན་སྐྱ་སྙིང་རུལ་རྣམས། མཐར་མངོན་མཐོ་སྒྲུབ་ཟེར་ལམ་གཞན་གོལ། །རི་མཐོ་ལ་འཛེག་འདོད་ཐུར་ལ་འགྲིལ།།དོན་ལོག་པ་སྤོངས་ཤིག་ཐར་འདོད་རྣམས། །ཡང་སྐབས་ཤིག་འཇམ་དབྱངས་བླ་མ་འདར་ལ་ཕེབས། ཁོ་བོས་གཉག་ཕུ་བླ་བྲང་དུ་ཟླ་གཅིག་ཙམ་བསྡད། རོགས་ཆིབས་དཔོན་དཔལ་ལྡན་བཟང་པོ་ཟེར་