[A:༤༤༧]བ་ཞིག་མིན་པ་གཞན་མེད། ཉིན་རེ་ལ་ཇ་སྦྱོར་གཉིས་གཉིས་བྱས། བརྟག་གཉིས་སྔ་སོར་ནས་བློ་ལ་ཡོད།གཞུང་བཤད་གཉག་མ་བཟུང་དཔེ་འཛིན་དང་ཤར་སྦྱངས་བསྒྲིགས་ཆུག་བྱས་པས། ཤིན་ཏུ་སྐྱིད་པ་མཚན་དུས་རྨི་ལམ་རང་ཟིན་དང༌། སྤེལ་སྦྱོང་སོགས་ཅི་རིགས་འབྱུང་བ། གཞུང་བཤད་ལ་གོ་རྟོགས་ཤར་བས་བྲོད་པ་སྐྱེས་པ། ཐུན་འཚམས་རླུང་འདྲ་བཟུང་བས་འོད་གསལ་གྱི་རྟགས་མང་དུ་ཤར་བ་ཡིན་ནོ། །ཡང་སྐབས་ཤིག་ཇ་བསིལ་བོ་ཞིག་གིས་རྐྱེན་བྱས་མིག་ན་བ་ཞག་ཉི་ཤུ་སྐོར་བྱུང༌། དེའི་ཚེ་འཇམ་དབྱངས་བླ་མས་གཙོ་མཛད་དཔོན་སློབ་རྣམས་ཀྱིས་སྒྲོལ་མ་མཚན་འདོན་སོགས་རིམ་གྲོ་སྟོབས་ཆེ་བ་མཛད། ནུབ་ཅིག་རྨི་ལམ་དུ་ཚོགས་ཆེན་པོ་ཞིག་གི་དབུས་སུ་དབུ་མཛད་ཡིན་སྙམ་པ་ཞིག་གིས་ཆོས་སྤྱོད་བསྐུལ་པའི་སྒྲ་འབྲུག་ལྟར་ལྡིར་པ་ཞིག་བྱུང་བས་མཐའ་དེ་ནས་མི་སྐྱ་ཤར་གཉིས་འཇིགས་སྐྲག་ཆེན་པོས་གཡས་ལ་འགྲོས། གཡོན་ལ་འགྲོས་བྱེད་པ་ཞིག་རྨིས། དེ་ཡང་རིམ་གྲོ་དེ་པའི་ནུས་པ་ཡིན་པར་འདུག། ཞག་ཉི་ཤུ་རྩ་ལྔ་མུན་མཚམས་རང་ལ་བསྡད་ཀྱང་སྐྱེད་ཆེར་མ་བྱུང༌། སྔ་དྲོ་ཞིག་འཇམ་དབྱངས་བླ་མས་དེ་རིང་ཉི་མ་ལ་མཐོན་ནོ་གསུང༌། གཡབས་སུ་ཉི་མ་ལ་ཕྱིན་པས་མིག་སྐམ་ཐས་ཀྱིས་སོང༌། ཉེ་རིང་ཐམས་ཅད་ཁྲ་གསལ་ལེ་མཐོང་བ་ཞིག་བྱུང་བ་དེ་བླ་མའི་བྱིན་རླབས་ཀྱི་ཉེར་ལེན་དང༌། རིམ་གྲོའི་ལྷན་ཅིག་བྱེད་རྐྱེན་འཛོམ་པའི་རྟེན་འབྲེལ་དུ་འདུག་སྙམ་ཡིད་ཆེས་སོ། །ཡང་ནུབ་ཅིག་རྨི་ལམ་དུ་གཡག་ཁྱུ་ཆེན་པོ་ཞིག་ཡོང་གིན་འདུག་པ་དེ་དང་ཐུག་གི་དོགས་ལམ་སྟེང་ཞིག་ལ་གཟུར་ཕྱིན་པས། གཡག་ཁྱུ་དེ་དང་ཆེད་དུ་གཏད་པ་བཞིན་ཐུག་བྱུང་ནས་དཀྱིལ་དུ་འཐུམས།