R171: རང་གི་རྣམ་པར་ཐར་པ་ཡུལ་སྣ་ཚོགས་ཀྱི་བདུད་རྩི་མྱོང་བའི་གཏམ་དུ་བྱས་པ་ཟོལ་ཟོག་རྫུན་གྱིས་མ་བསླད་པ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༤༤༨
[A:༤༤༨] བསྡད་ན་རྨིག་པའི་འོག་དང༌། ལངས་ན་ར་དང་ཐུག་པ་ཡོང་ངམ་སྙམ། ཡུན་རིངས་དེ་གར་བསྡད་པ་ཞིག་བྱུང་སྟེ། ཆོས་སྐྱོང་སྲུང་མས་སྲུང་སྐྱོབ་བྱེད་པའི་རྟགས་སུ་གོ །ཡང་ནུབ་ཅིག་ལུང་པ་རྩ་བཟང་པོ་བྱས་པ་ཞིག་ན་གཡག་མང་པོ་འདུག་པ་དེ་རྣམས་འགྲངས་ཀྱང་ཤིན་ཏུ་སྐོམ་ཟེར་བ་བྱུང་སྟེ། གཏོར་མ་ལ་ཆབ་ཀྱིས་སྦྱོང་བ་བརྗེད་པའམ་ཆབ་ཉུངས་པ་ཡིན་ནམ་སྙམ། དེ་ཕྱིན་ཆད་ཆབ་མ་བརྗེད་པ་དང་མ་ཉུངས་པ་བྱས། ཡང་ནུབ་ཅིག་གཡག་རོག་པོ་ཞོལ་ཆེན་དར་སྣ་ཚོགས་ཀྱིས་བརྒྱན་པ་ཞིག་འདུག་པ་དེ་ལ་ཞོན་པའི་འདུན་པ་བྱས། གཡག་མཐོ་དྲགས་ཞོན་མི་ཁྱོད་འདུག་པ་ལ་གཡག་དེ་ཉལ་བྱུང་ཞོན་གྱི་བརྡ་ཡིན་པ་འདུག་སྙམ་དེ་ལ་ཞོན། ཡང་ལུགས་ཇི་ལྟར་བྱེད་སྙམ་པ་ལ་སུག་རྩེ་རྣམས་རིམ་པས་དལ་གྱིས་བཏེག་ནས་འགྲོ་འདུག་ཁ་རེ་བྱས་པ་ཞིག་བྱུང༌། དེ་ཡང་ཆོས་སྲུང་རྣམས་ཐུགས་བརྩེ་ཞིང་གློ་བ་ཉེ་བའི་རྟགས་སུ་གོ །རང་རེ་ནི་གཏོར་བསྔོ་མ་ཆག་ཙམ་མ་གཏོགས་གཏོར་ཚོགས་ཆེན་པོ་དང་སྒྲམ་ཆིལ་ཆེན་པོ་ནི་ལྟ་རྟོག་སོགས་ཀྱིས་གཡེངས་ནས་ཆེར་བྱེད་རྒྱུ་མ་བྱུང་ངོ༌། །ཁོང་ཕྱི་ནང་གསང་བའི་སྲུང་མའི་ཚོགས། །ཐུགས་བརྩེ་ཞིང་བསྲུང་སྐྱོབ་མི་གཡེལ་ཡང༌། །རང་ལེ་ལོ་ཆེ་ཞིང་རྣམ་གཡེང་གིས། །ཕྱི་རྔ་བསིལ་གྱི་འུར་རྡིང་མ་བྱས་ཀྱང༌། །གཞན་གཡོ་ཟོག་གི་སྒྲིབ་གཡོགས་མེད་ཙམ་ལ། །ནང་ཐོས་བསམ་གྱི་རྟོག་དཔྱོད་གཅེར་བུར་ཤར། །ཁོང་གསུང་རབ་ཀྱི་ཟབ་དོན་གསལ་པོར་མཐོང༌། །ཁྱེད་ཆོས་སྲུང་གི་ཐུགས་ཀྱིས་མ་བཏང་ཙམ། །ཡང་བྱི་ལོ་དཔྱིད་ཆོས་སྟོད་ཤིན་ཏུ་སྨར་བ་ཡོད་པའི་ཚེ་ངེད་ཀྱི་ཨ་ཇོ་ཆེ་བ་ལྷ་མོ་གཉེར་མ་ཟེར་བ་བྱང་ཕྱི་འབྲོག་ན་གཅེས་པ་ཞིག་ཡོད་པ་དེ་ལ་འབྲུམ་པ་བྱུང་ཟེར་ནས་