[A:༤༤༩]འབོད་དུ་བྱུང༌། དེ་གཅེས་པ་ཞིག་ཡོད་པས་མི་འགྲོ་ཟེར་ཡང་མ་ནུས། ཆོས་བཅག་ནས་འགྲོ་བ་ཡང་མི་རིགས་སམ་ནོངས་པར་ཡོད་པ་ལ། འཇམ་དབྱངས་བླ་མའི་གསུང་གི་ཆོས་རྗེ་པ་དེ་འདྲའི་སེམས་ཁྲེལ་མི་དགོས། རང་མི་འགྲོ་ཁ་མེད་ཡིན་དེ་བར་ལ་ངས་ཚབ་བྱས་ཆོས་འཆད་ཉན་མ་ཆག་པ་བྱའི་གསུང༌། བཀའ་དྲིན་བསྐྱངས་ངེད་ཀྱི་འབྲོག་ཁྲོད་ལ་ཕྱིན་པས་བར་ལམ་དུ་སྐུ་ཚེས་མ་ཟིན་ཟེར་བའི་གཏམ་སླེབ་བྱུང༌། སེམས་ལ་སྡུག་བསྔལ་བཟོད་པ་མེད་པ་བྱུང་ཀྱང་ཡབ་བགྲེས་པོ་དང་བུ་ཚ་རྣམས་ཀྱང་སྡུག་གི་དོགས་གཟེངས་བསྟོད། མི་སྔ་འགྲོས་ལ་བཏང་ཉེ་འཁོར་གཡོག་རིགས་དང་བཅས་པ་ལ་ཁྱེད་རྣམས་སེམས་ཁྲལ་དང་མཆི་མ་གཏོང་བ་སོགས་ཡེ་མ་བྱེད་ཟེར་བ་བྱས། ཁོང་རྣམས་ངེད་རྣམས་ཀྱི་གདོང་བསུར་བྱུང་ཚེ་གདོང་ཕམ་པ་དང༌། ངེད་ས་དང་འདྲེས་ཟེར་བ་ཙམ་མ་གཏོགས་ངུ་ཆོམ་ཡེ་མ་བྱས། ཕ་རྒན་པོས་སྣ་ལ་བྱོན་ཆོས་རྗེ་འོ་མི་བརྒྱལ་ཟེར་གཟེངས་མཐོ་བ་རང་འདུག །སྔོན་དུ་ཆོས་རྗེ་བྱ་བཏང་བ་སོགས་ཀྱང་འཕོ་བ་སོགས་ལ་བྱོན་ཚར་འདུག །ངེད་ཀྱིས་རུས་པ་ལ་སྦྱང་ཁྲུས་དབང་བསྐུར་སོགས་བྱས། དགྱེས་རྡོར་གྱི་ཆོ་ག་དེ་འཕྲལ་ནས་བཙུགས། ཁོང་རྣམས་ནེ་རིངས་སུ་ཆོ་ག་འཛུགས། ངེད་མགོ་མ་ལ་འགྲོ་དགོས་ཟེར་བ་བྱུང་ཀྱང་ངེད་མི་འགྲོ། ནེ་རིངས་པ་དཔོན་སློབ་དང༌། གཞན་ཡང་བླ་མ་སློབ་དཔོན་སོགས་མང་པོ་འདུག་པས་དེ་རྣམས་ལ་བསྙེན་བཀུར་གང་ཡོང་གྱིས་ཟེར་བ་བྱས་མ་ཕྱིན། ནུབ་ཅིག་རྨི་ལམ་དུ་ཨ་ཇོ་ཐེར་སློག་གྱོན་ངོ་ནོང་ངེ་བྱས་བྱུང་བས་ཆགས་ཞེན་ཞིག་ཡོད་པ་འདྲ་སྙམ་ཨ་ཇོ་རང་ག་ལ་ཡང་ཆགས་མི་དགོས། ངས་བདེ་བ་ཅན་དུ་བསྐྱལ་གྱི་བྱས་ལག་ནས་བཟུང་ཨཥྟ་མང་དུ་བགྲངས་འཕུར་