[A:༤༥༠]འགྲོའི་འདུན་པ་བྱས་པས་ཨ་ཇོ་གར་སོང་མི་འདུག །མཆོད་གནས་འདྲ་ཡོད་བ་རྣམས་ཨ་ཇོ་མཐོ་རིས་སུ་སྒྲོལ་ཐུབ་པ་འདྲ་ཟེར། གཡོག་དམངས་མ་མང་པོ་ཤི །གཡོག་གཅེས་པ་འཆི་བའི་སྔས་མགོར་ཕྱིན་པས་ང་ཁྱོད་དང་འཕྲད་འཆི་བ་ལ་འཚེར་རྒྱུ་མེད་བློ་བདེ་ཟེར་རོ། །ཡང་སྐབས་ཤིག་རང་ལ་མགོ་ཚིགས་སོགས་ན་བ་ཤིན་ཏུ་ཐུ་བ་ཞིག་བྱུང༌། ཕ་རྒན་ཡང་འབྲུམ་པ་ཡིན་ནམ་སྙམ་ཐུགས་ཁྲལ་ཤིན་ཏུ་མཛད། སང་ཉིན་གཡོག་གཅེས་པ་ཞིག་ཡོད་པ་དེ་ཤི་ཟེར་རྟ་བཟང་པོ་ཞིག་གིས་གཙོ་བྱས་འབུལ་བ་མང་པོ་བྱུང་བ་དེའི་སྔ་ལྟས་ཡིན་པ་འདུག །ཡང་ཀུན་སྐྱབས་ཟེར་བའི་གཡོག་དྲག་པ་ཞིག་ཡོད་པ་དེ་ལ་འབྲུམ་པ་བྱུང་འཆི་བའི་རྩར་ཁོ་བོས་ཀྱང་ཕྱིན་བྱིན་རླབས་འདྲ་བྱས་པས་ད་ཁྱོད་ཀྱིས་བྱིན་རླབས་ཐོབ་འཆི་བ་ལ་འཚེར་རྒྱུ་མེད་ཟེར་རོ། །ཨ་ཇོའི་བུ་སྤུན་གཉིས་སོགས་གཉེན་འཁོར་ཀུན་གྱིས་འབྲུམ་པ་ཐར། སྙིང་ཕོངས་པར་གཅགས་པའི་ཨ་ཇོ་དེ། །སྔོན་ལས་ངན་འཆི་བདག་བདུད་ཀྱིས་བཟུང༌། །སེམས་ངར་ལངས་དག་པའི་ཞིང་དུ་བསྐྱལ། །ད་འགྱོད་པ་མེད་དོ་གཉེན་འཁོར་རྣམས། །ཟླ་གཅིག་ཙམ་ཟང་བཟང་སྐམ་པ་ནས་བརྩམས་གཞུང་གོང་འོག་ཤོས་པ་ལ་མ་བུད་ཀྱི་བར་དུ་ཟླ་གཅིག་ཙམ་བསྡད། དེ་ནས་ཡ་ག་ཆོས་སྡིངས་སུ་སླེབ། དེ་བར་འཇམ་མགོན་བླ་མས་འཆད་ཉན་གནང་བས་གྲ་པ་རྣམས་ཀྱང་ཡིད་སྤྲོ་སེག་གེ་བ་བྱུང་འདུག །དེ་བར་གྱི་བསྔོ་རྟེན་སོགས་དངོས་སྤྱད་རྣམས་ངེད་ལ་རྩིས་གནང༌། ངས་སྐྱས་ཚབ་བྱས་པའི་ནོམ་པ་ཡིན་ནོ་གསུང༌། སྔ་སོར་ནས་རང་སྟོན་པ་ཟས་གཙང་སྲས་པོ་ལ་མི་ཕྱེད་པའི་དད་པ་ཡོད། དཔག་བསམ་འཁྲི་ཤིང་གི་དཔེ་འབྱོར་ན་བསམས་པ་ལག་ཏུ་ཡེ་མ་བྱུང༌། ཕྱིས་