R171: རང་གི་རྣམ་པར་ཐར་པ་ཡུལ་སྣ་ཚོགས་ཀྱི་བདུད་རྩི་མྱོང་བའི་གཏམ་དུ་བྱས་པ་ཟོལ་ཟོག་རྫུན་གྱིས་མ་བསླད་པ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༤༥༡
[A:༤༥༡]གཡས་རུ་བྱང་ནས་དཔེ་གཡར་པོ་ཞུས། དྲུང་ཡིག་དཔལ་སྡིངས་པ་ཆོས་གྲགས་གདན་དྲངས་ཁྱི་ལོའི་དཔྱིད་ཁོང་གིས་བཟའ་བྲིས་བྱས། ཡོངས་རྫོགས་བྲིས་གྲུབ་སྟོད་ཆའི་མཆན་བུ་ཐེབས་ཙམ་ལ་ཞབས་དྲུང་དུས་འཁོར་ནས་འབོད་མི་བྱུང༌། སྨད་ཆ་མ་ཐེབས་པ་ལ་ཡི་གེ་སུ་ཤེས་ཀྱིས་བྲིས་པས་མཆན་དངོས་གཙང་པོ་རང་མ་བྱུང་ཡང་ཡོངས་སུ་རྫོགས་པས་སེམས་སྤྲོ་སེག་གེ་བྱུང༌། ཁོང་སྟོན་པའི་རྣམ་ཐར་ཐོས་ཙ་ན། །ལུས་བ་སྤུ་གཡོ་ཞིང་མཆི་མ་འཁྲུག །ལས་དཀར་བའི་བག་ཆགས་སད་དོ་སྙམ། །སེམས་དགའ་སྤྲོའི་ངང་དུ་ཉིན་མཚན་འདས། །དེའི་དཀར་ཆག་ཀྱང་ཕྱིས་ཁོ་བོ་རང་གིས་བརྩམས། རྗེ་བླ་མའི་ཞལ་བཟང་ཉི་གཞོན་དང༌། །རང་དད་མོས་འོད་དཀར་འཕྲེང་བ་གཉིས། །ཁོང་སྐལ་བཟང་མཁའ་ལ་ལྷན་ཅིག་ཤར། །རྒྱུ་འབྲས་བུར་སྙམ་པའི་ངོ་མཚར་ལྟོས། །བཀའ་དྲིན་འགྲན་བྲལ་རྩ་བརྒྱུད་བླ་མ་དང༌། །ཁྲིམས་ལྡན་ངུར་སྨྲིག་དགེ་འདུན་འདུས་པའི་སྡེ། །དྲེགས་ལྡན་བཀའ་སྲུང་རྒྱ་མཚོའི་ནུས་མཐུ་ཡིས། །དངོས་པོ་ཞེས་བྱ་ཤིང་ཕོ་ཁྱི་ཡི་ལོ། །དབུས་གཙང་གྲ་ས་ཀུན་གྱི་གཙུག་གི་རྒྱན༌། །ལེགས་བཤད་རྒྱུད་མངས་སྒྲོག་པའི་ཆོས་གྲ་ཆེར། །ལོ་གྲགས་སྙེམས་པའི་ང་རྒྱལ་དང་བྲལ་ཡང༌། །ང་གཉིས་ལོ་ལ་ཁོ་བོ་གནས་དེར་འཕོས། །དེ་ཡང་འཇམ་མགོན་སངས་རྒྱས་རྒྱལ་མཚན་ལོ་གྲངས་ཉི་ཤུ་རྩ་བདུན་དུ་མཉན་ཡོད་དུ་འཆད་ཉན་ཕུལ་དུ་ཕྱིན་པ་མཛད། གདན་ས་སྐོ་བཞག་གི་ཐུས་མཛད་པའི་སྐབས་དེ་ཙམ་དུ་ཁོ་བོའི་རྨི་ལམ་དུ་བྱ་གཤོངས་གདན་ས་ལ་འགྲོ་སྙམ་པའི་བསམ་པས་ཆོས་གླིང་སྟེང་གི་རྐ་རྒྱུད་དེ་ལ་བརྒྱུད་དེ་ཕྱིན་པས་རང་གི་རོགས་དང་བསུ་མི་སོགས་མང་པོ་འདུག །བྱ་