[A:༤༥༢]གཤོངས་བླ་བྲང་གི་སྒོ་དེ་ན་ཁྱི་ཆེན་པོ་ཞིག་བཏགས་འདུག་ཀྱང་ངེད་ལ་འགེགས་པའི་ཚུལ་ནི་མི་བྱེད་འདུག རང་གིས་ཀྱང་ཁོག་འཇོམས་པ་ལ་འཕྲལ་ཐལ་ལེ་ཕྱིན་པས་ཁྱི་དེ་ཁོ་བོ་ལ་འདྲིས་གཡོག་དང༌། བཀྲབ་བཀྲབ་སིག་སིག་མང་པོ་དང་ཆོས་གོས་ལ་ལྕེ་ལེག་བྱེད་ཅིང་འདུག །རོགས་རྣམས་ཁྱེད་ལ་ཁྱི་འདི་སྔ་སོར་ནས་འདྲིས་འདུག་པ་ཟེར་ཆོས་སྲུང་གི་དགོངས་པར་བཞུགས་པའི་རྟགས་སུ་འདུག །དེ་ནས་གནམ་སྒོའི་སྐས་ལ་འཛེགས་པས་སྐས་གདང་གཅིག་གི་ཚབ་ལ་ཐག་པ་གཅིག་བཏང་བ་ཙམ་ལས་མི་འདུག་ནང་དུ་བཞུགས་པ་རྣམས་ཀྱི་སྐུ་ཁྱེར་ལ་སྙམ་པ་ཙམ་བྱུང༌། སྐས་མགོ་ནས་གཅིག་གིས་ལག་འདྲེན་བཏང་ནས་སྒོ་ཁང་དེར་སླེབ། དེ་ནས་གཉིད་སད་བྱུང༌། དེ་མཚམས་ནུབ་ཅིག་རྨི་ལམ་ན་བྱ་གཤོངས་ལ་འགྲོ་བའི་འདུན་པས་ཕྱིན། ཤག་ལོ་ཙམ་ཡིན་པ་འདྲ། ཤར་གྱི་སྤེའུ་དཀར་པོ་ཞིག་ཏུ་བསྡད། དེར་འཇམ་མགོན་སངས་རྒྱས་རྒྱལ་མཚན་ཡང་ཕེབས་མཇལ་ཕྲད་བྱུང༌། གསུང་གླེང་ཅི་གསུང་ནི་མི་དྲན་དེ་ནས་རྗེ་སྔོན་ལ་ཕེབས་སོང༌། ཁོ་བོས་རྗེས་ལ་ཡོངས་པས་བྱ་གཤོངས་མདུན་དེ་ན་ལོ་ཏོག་སེ་ཆེལ་ལེ་སྨིན་པ་ཙམ་འདུག །དེ་ཕྱིན་ཆད་ཅི་བྱས་རྨི་ལམ་དྲན་པ་མི་གསལ་འདུག་རྨི་ལམ་དེ་ལྟར་བྱུང་བའི་རྗེས་ཞག་འགའ་ཡར་ནས་བྱ་གཤོངས་ནས་ཆེ་བགྲེས་མི་སྣ་དང་བཅས་ཆོས་རྒྱལ་ཀུན་དགའ་རིན་ཅེན་གྱི་ཕྱག་རྟགས། རྗེ་གདན་ས་པའི་ཕྱག་རྟགས། གྲ་པ་རྣམས་ཀྱི་ཐུས་བྱས་པའི་ཡི་གེ་མགྲིན་གཅིག་ཏུ་བྱུང་ཟེར་བའི་ཤོག་དྲིལ་རྣམས་དང་བཅས་ཕེབས་བྱུང༌། ཁོ་བོ་རང་གི་བློའི་གཤིས་ཡིན་པས་འགྲོ་འདོད་པ་རང་མ་བྱུང༌། ཡ་ག་ཆོས་སྡིངས་པ་རྣམས་ཀྱིས་ཀྱང་ཤར་ལ་མི་