[A:༤༥༣]གཏོང་ཟེར་རྨ་བྱ་ཤུག་ཁྲོད་དུ་འབོད་ཞུས་ལ་ཐེགས་སོང་བས་བཙན་འཚམས་པ་འཆུན་ཆེ་བའི་སྟབས་ཀྱིས་ཆོས་རྒྱལ་ཀུན་དགའ་རིན་ཅེན་ཐུགས་འགྱུར། བརྟག་པ་བྱས་དུས་ཤར་ལ་མ་ཆུག་པས་རེ་ཞིག་ཡ་ག་ཆོས་སྡིངས་སུ་ཀ་འཆད་ཉན་གྱིས་གསུང་བ་ཕེབས་བྱུང་བས། བྱ་གཤོངས་པ་རྣམས་ཤར་ལ་ལོག་དགོས་པ་བྱུང༌། སླར་བྱ་གཤོངས་ནས་བསྐྱར་ཞུས་ནན་ཅན་མཛད་པ་ནས་དགོངས་པ་ཁྲོལ། བཀོད་ཡིག་གི་ཕྱག་རྟགས་དང་བཅས་པ་འབོད་མི་གཅང་ཚུལ་ཁྲིམས་རྒྱལ་པོ་སོགས་ཆེ་བགྲེས་མི་སྣ་སོགས་བསྐྱར་ནས་བྱུང༌། ཁོ་བོས་སྔར་བཞིན་མི་འགྲོ་བའི་ལུགས་བྱས་ཀྱང་འཇམ་དབྱངས་བླ་མ་ཕྱོགས་ལས་རྣམ་རྒྱལ་གྱི་གསུང་ལས། རང་གི་ཡོན་ཏན་བསླབས་ཤེས་པའི་དགོས་པ་ཡིན་པས་འཆད་ཉན་ནུས་ན་བྱ་གཤོངས་ལྟ་བུར་མི་འགྲོ་བའི་དོན་མེད། མི་ནུས་ན་ནི་དེ་ག་ཡིན་མོད་གསུང་བཀའ་ནན་ཆེར་ཕེབས་པས་མི་འགྲོ་ཟེར་བའི་བཀའ་བཟློག་མ་ནུས། ཟླ་བ་བདུན་པའི་དུས་ཚེས་བཟང་པོ་ལ་གདན་ས་སྤོ་ལེན་གྱི་དུས་ཡིན་པས་དེ་ག་ལ་འགྲོ་བར་བརྩམས། ཟླ་བ་བདུན་པའི་ཚེས་བཅུ་གཉིས་ལ་དབོན་རམས་པ་བྱམས་པ་བློ་གྲོས། རང་གི་ཚ་བོ་མང་ཐོས་རྣམ་རྒྱལ་དང༌། རྣམ་རྒྱལ་ཀླུ་སྒྲུབ་སོགས་རོགས་དུ་མ་དང༌། ཡ་ག་ཆོས་སྡིངས་སྤྱི་ས་ནས་དཔེ་ཆ་སོགས་འགེལ་བའི་གཡག་བཅུ་དང་བཅས་ཡོང་བར་བརྩམས། འཇམ་མགོན་བླ་མ་གྲ་པ་རྣམས་དང་བཅས་པས་ཁང་གསར་ལྕགས་ཁ་ཐུག་སྐྱེལ་མ་ལ་བྱོན། ལྕགས་ཁར་གསོལ་ཇ་དང་གནང་སྦྱིན་འབུལ་བ་སོགས་མང་དུ་བྱུང༌། དེ་ནས་ལྕགས་ཐོན་ཆུ་ལྷོ་རུ་ཡང་ཁང་གསར་ནང་ནས་ཇ་འབུལ་བ་སོགས་དང༌། དམངས་མས་ཀྱང་མར་ཀྲོག་སྣོད་དུ་མ་ཞོས་