R171: རང་གི་རྣམ་པར་ཐར་པ་ཡུལ་སྣ་ཚོགས་ཀྱི་བདུད་རྩི་མྱོང་བའི་གཏམ་དུ་བྱས་པ་ཟོལ་ཟོག་རྫུན་གྱིས་མ་བསླད་པ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༤༥༤
[A:༤༥༤]གང་བ་སོགས་སྐྱ་ཆིལ་ལེ་བ་རྟེན་འབྲེལ་ལེགས་ཚོགས་ཤིན་ཏུ་ཆེ་བ་དང༌། ལྤགས་ནའི་ཐང་ལ་གྲ་པ་མང་པོས་རྗེས་འབྲང་བྱས། འུ་ཅག་དཔོན་སློབ་ལ་འདི་འདྲའི་འགྱེས་འབྲལ་ཡོང་བ་ཟེར་ཞིང་མཆི་མ་ཕྱུང་མི་ཤི་བ་བཞིན་བྱས། ཕོ་བྲང་གི་ལ་རྩ་ནས་ཕྱི་མིག་བལྟས་པས་འཇམ་མགོན་བླ་མ་གྲ་པ་རྣམས་དང་བཅས་པ་ལྕགས་ཁན་དམར་ཕུང་ངེ་བཞུགས་འདུག་པས། ངེད་ཀྱང་སེམས་སྐྱོ་ནས་མཆི་མ་མང་དུ་ཤོར་དེ་ནུབ་སྦུ་མར་བསྡད། དེ་ནས་ཕོ་བྲང་ལྷ་རྩེར་ཆོས་རྒྱལ་ནམ་མཁའ་རྒྱལ་པོ་བཞུགས་པ་དང་མཇལ། གསོལ་ཇ་གནང་སྦྱིན་སོགས་ཤིན་ཏུ་བཟབས་པ་རང་མཛད་དེ་དགྱེས་དགྱེས་གནང༌། བྱ་གཤོངས་ཁྲི་ཐོག་ཏུ་སྔར་ཡང་ཁྱེད་པས་ཡོན་ཏན་ཆེ་བ་མེད་ད་དུང་ཡང་མི་ཡོང་གསུང་བ་སོགས་ཟོལ་བསྟོད་མང་པོ་མཛད། དེར་ཞག་གཉིས་བསྡད། རིམ་པས་ཕྱིན་ཚེས་བཅུ་དྲུག་ལ་བློ་བ་དེར་ཇ་དང་ཚ་བཞེས་བྱས། སྔོན་ཆད་གདན་ས་ལ་བསུ་བ་སེར་སྦྲེང་སོགས་ཀྱི་ཁྱུད་མི་འདུག་ནའང་དེའི་ཚེ་དཔོན་སློབ་རྣམས་ཐུགས་དགྱེས་པས་བསུ་བ་སེར་སྦྲེང་སོགས་མཛད་དེ་བྱ་གཤོངས་སུ་སླེབ། ཚེས་བཅོ་བརྒྱད་ལ་བཟའ་ཚེས་བཟང་བས་བླ་བྲང༌། གཡས་རུ་བྱང༌། རྒྱལ་མཁར་རྩེ། བསམ་རྩེ་སོགས་ནས་བསྐོ་ཇ་དང་བཅས་ཏེ་གདན་སར་བཀྲ་ཤིས་པའི་མེ་ཏོག་དང་བཅས་ཏེ་བསྐོས། མཉན་ཡོད་བྱ་གཤོངས་དེ་ན་གསོ་སྦྱོང༌། དབྱར་གནས། དགག་དབྱེ་སོགས་གཞི་གསུམ་གྱི་ལག་ལེན་རྨ་མེད་པ་ཡོད་པས་གནམ་གང་ལ་དགག་དབྱེ་མཛད། དེའི་ཕྱི་དེ་ཚེས་གཅིག་ནས་སྟོན་ཅག་དང་པོ་བཙུགས། དེ་ཡང་འདུལ་བའི་གཞུང་ལས། རྒྱལ་དང་དབོ་དང་ས་ག་དང༌། །ཆུ་སྟོད་ཁྲུམས་སྨད་སྨིན་དྲུག་བཅས། །ཟླ་ཕྱེད་གསོ་སྦྱོང་བཅུ་བཞི་པ།