[A:༣༩༩]དུ་ཆགས་པའི་ཚེ་མའི་རྨི་ལམ་དུ། སྦྲུལ་དཀར་པོ་ཆུང་ངུ་མལ་དུ་ཞུགས་པ་རྨི། དེའི་མཚན་ལ་ཡང་དཔགས་ཏེ། རང་གི་ཁུ་བོ་རྣལ་འབྱོར་པ་ཆེན་པོ་དེས་ཀྱང་ཀླུ་རྒྱལ་ནོར་བུ་ཞེས་བཏགས། ཕྱིས་རབ་ཏུ་བྱུང་བའི་ཚེ་ཁོ་བོའི་མཁན་པོ་ལྕགས་ཐང་པ་ཆེན་པོས་ཀྱང༌། ཁྱོད་ཀྱི་མིང་གི་ཟུར་གྱི་ཀླུ་དེ་ཆད་ན་མི་ཡོང་བ་འདུག་པས། ཀླུ་སྒྲུབ་རྒྱ་མཚོ་གྱིས་ཤིག་ཅེས་བཀའ་སྩལ་བས། སྐྱེ་བ་ཀུན་ཏུ་ཀླུའི་མིང་དང་ལྡན་པ་ཞིག་དགོས་པའི་རྟེན་འབྲེལ་ལུང་བསྟན་པ་ཡིན་ནམ་སྙམ། ཕ་མ་ནེ་ཟླ་ཕུ་ནུ་མཆེད་སོགས་དང༌། །འཁོར་གཡོག་ནོར་ཕྱུགས་རྣམ་མང་ཐོས་བུའི་དཔལ། །ཧོར་སོག་མོན་བོད་དགྲ་ཡིས་འཚེ་མེད་པར། །བདེ་སྐྱོང་འབྲོག་སྡེའི་ཕུན་ཚོགས་དེ་ཡང་མྱོང༌། །བགྲང་གཞི་བཅུ་གཉིས་གཞོན་ནུའི་རོལ་རྩེད་ཚེའང༌། །རྒྱན་པོ་རི་དྭགས་འཚེ་སོགས་ཀུན་སྤངས་ནས། །འཕོངས་སྐྱེན་རྩེད་འཇོར་དགའ་ཡང་ཆོས་ཀྱི་བློས། །ལྕོག་གྲ་གླེགས་བམ་ཁུར་དང་འབྲལ་མ་མྱོང༌། །བཅུ་གསུམ་ལོན་ཚེ་ཆོས་སྒོར་ཞུགས་ཀྱི་བརྡར། །འཆི་མེད་མེ་ལྷས་རང་བྱུང་གཙུག་ཕུད་བཞེས། །དེ་ཚེ་ཕ་དང་ནེ་ཟླ་མཆེད་རྣམས་ཀྱིས། །ཆོས་ཀྱི་སྐལ་པ་ཡོད་ཅེས་གནང་བ་སྩལ། །ཞེས་པ་སྟེ། གསེར་དཔོན་སྤུན་གསུམ་དུ་གྲགས་པ་དེས། སྟོད་སོགས་རཱ་མ་ཎའི་གཡུལ་ངོ་ཡང་ལན་གསུམ་དུ་བཟློག་པས། རང་ལོ་བཅུ་གཉིས་ཀྱི་བར་དུ་ཧོར་སོག་བོད་སོགས་ཀྱིས་འཚེ་བ་མེད་ཅིང་བདེ་ལྡན་དུ་འཚོ་ཞིང་གཞོན་ནུ་རོལ་རྩེད་ཀྱི་ཚེ་ཡང༌། ཤོ་དང་མིག་མང་སོགས་ལ་མི་ཆགས་པར་འཕོངས་རྩོད་རྩེ་བ་ལ་དགའ་ཞིང༌། རང་གི་ཕ་ཁུས་ཀྱང་རུ་ཐག་འཐེན་པའི་ཁུལ་ན་འཕོངས་སྐྱེན་ཞིང་དཔའ་རྩལ་འཛོམ་པའི་གྲངས་སུ་བགྲང་པས། ཕའི་འཕོངས་སྐྱེན་པ་ལྟ་བུ་ཡོང་ཞེས་གཏམ་དུ་གླེང་ཡང༌། དེའི་ཚེ་རང་ཉིད་ཆོས་ཀྱི་འདུན་པ་ལ་ཤ་ཆགས་པས་རྩེད་མོའི་ཚེ་ཡང༌། གནས་