[A:༤༠༠]ཁང་ལྕོག་བུ་དང༌། གླེགས་བམ་ཆུང་ངུ་དངོས་སམ། ཐ་ན་གཡམ་པ་སྲབ་པོ་ལ་གླེགས་བམ་བཅོས་ནས་འཆང་བ་དང་ཁུར་བ་སོགས་བྱེད། ཁོ་བོ་ལ་ཨ་ཇོ་བི་རི་ཟེར་བས། པོད་ཆུང་དཀྱུས་ལ་ཁྱིད་གང༌། ཞེང་ལ་སོར་གསུམ་ཙམ་ཡོད་པ་ཞིག་བྱིན་པ་དེ་འབྲལ་མེད་བྱེད་ཀྱིན་ཡོད་པ་ལ་སྐབས་ཤིག་རྩེད་མོས་གཡེངས་ནས་དེ་བོར་བ་ཙལ་ཡང་མ་རྙེད་པར་ངུ་ཞིང་བསྡད་པས། ཨ་ཇོ་ཆེ་བས་གསེར་འོད་ཀྱི་པོ་ཏི་ཞིག་གདོང་དུ་བསྐྱུར་ནས་ཁྱོད་ལ་དཔེ་ཆ་དགོས་ན་དེ་གྱིས་ཟེར་ནའང་བློ་ཁ་མ་ཚིམ་ཞིང་མཆི་མ་གཏོང་གིན་ཡུན་རིང་བསྡད་པས། ཆོས་ཀྱི་བག་ཆགས་ཅུང་ཟད་སད་པར་སེམས་སོ། །ཡང་ངེད་ལ་མཆོད་གནས་བོན་ཆོས་གཉིས་ཡོད་པས། ལན་ཅིག་ཁོང་གཉིས་ཆོས་གཏམ་བྱས་པས། བོན་ཆོས་ཀྱི་ཁ་འཛིན་ལ་མ་འཆམ་པར་འཁྲུག་པ་བྱས། ངེད་ཀྱི་ཕས་ཁྱེད་གཉིས་མཆོད་གནས་བྱེད་དུ་བཅུག་པ་ལ། འཁྲུག་པ་བྱེད་དྲན་ན་ཟེར་མདའ་གཞུ་བཀུག་ནས་དེད། ངེད་ཀྱི་མས་ཕ་བཟུང༌། མཆོད་གནས་གཉིས་རི་ལ་ཤོར་ཞག་གཅིག་འཁོར་མ་ཐེབས་ཟེར། བགེགས་སྲུང་མཆེད་གནས་ཆོས་དབོན་རྣམ་པ་གཉིས། །ཆོས་བོན་ཁ་འཛིན་ཁ་བརྡལ་ལག་འཁྲུག་བྱས། །ཕ་རྒན་ཐུགས་འཁྲུག་མདའ་གཞུའི་འཕྲུལ་འཁོར་བཅིངས། །ཨ་མས་མ་བཟོད་ཕ་ཡི་སྐེད་ནས་བཟུང༌། །ཆོས་བོན་ཟུང་དེ་སྙིང་སྡངས་རི་ལ་ཤོར། །བོན་ཆོས་རྩོད་པའི་ཟར་ཟིར་རི་ལ་ཡལ། །ཕྱིན་ཆད་ཆོས་གཏམ་རྩོད་པའི་ཞི་བྱེད་ལ། །ཆོས་ལས་འཕོངས་སྐྱེན་འཕྲུལ་འཁོར་ངོམ་པ་བཟང༌། །ངེད་ཀྱི་མ་དེ་རང་སྐྱེས་ནས་ནད་ཀྱི་སྟབས་ཀྱིས་ནུ་མ་འཐུང་རྒྱུ་ཆེར་མ་བྱུང༌། དེང་སང་ལུས་རིད་པ་དེས་ལན་ཟེར། མ་དེས་བུ་ཚ་འདི་འཚོ་ན་ཆོས་ལ་འཇུག་ཟེར་བ་ཞིག་ཡོད་ཟེར། དེ་ནས་ཆོས་ལ་འཇུག་པའི་སད་བྱེད་ཀྱི་རྐྱེན་ནི། དཀར་གུར་ཡངས་པོ་ཞིག་གི་དབུས་སུ་མཆོད་