[A:༤༥༥] །ཞེས་གསུངས་པ་ལྟར་ཁྲུམས་ཀྱི་གསོ་སྦྱོང་དེ་གསོ་སྦྱོང་བཅུ་བཞི་པ་ཡིན་པས། འཇིག་རྟེན་ལུགས་ཀྱི་ཉེར་དགུ་དེ། མར་ངོའི་ཚེས་ཞག་བཅོ་ལྔ་པར་སླེབ་པས་དེའི་ཉེར་དགུ་ལ་བྱེད་པ་འདུལ་བའི་གཞུང་དང་མཐུན་ཞིང་འབུམ་ཕྲག་གསུམ་པའི་དགོངས་པ་ཡིན་པས་དེ་ག་བཞིན་རིགས་ཀྱང་པཎ་ཆེན་ཤཱཀྱ་མཆོག་ལྡན་པས། གནམ་གང་ལ་བྱེད་གསུང་པའི་སྒྲུབ་བྱེད་གསུངས་པའི་སྒྲུབ་བྱེད་ལྟར་སྣང་བ་མང་དག་མཛད་འདུག་པ་དང༌། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ལྕགས་ཐང་པས་ཀྱང་དེ་ག་བཞིན་མཛད་འདུག་པས། དེང་སང་མར་ངོའི་གསོ་སྦྱོང་འཇིག་རྟེན་ལུགས་ཀྱི་གནམ་གང་ལ་མཛད་པ་འདི་ཕྱག་ལེན་ལ་འདུག་གོ །ཁོ་བོས་ཀྱང་ཆོས་གྲ་ཕྱིར་སླེབ་པའི་ཚེ་དགའ་སྤྲོ་ཤིན་ཏུ་ཆེ་བ་ལ་འདུ་ཁང་ནང་དུ་སླེབ་པའི་ཚེ་བློ་ཤིན་ཏུ་མུན་པ་སེམས་ལ་སྡུག་བསྔལ་སྐྱེ་བ་སྡོད་མི་འདོད་པ་ལྟ་བུ་བྱུང༌། རོགས་རྣམས་ཀྱིས་དེ་འདྲའི་སེམས་ཁྲལ་མ་བྱེད། ཐོག་འདི་སྤོ་ལེན་བྱེད་པ་ཚེགས་མི་འདུག་ཟེར་ཏེ། ཕྱིས་འདུ་ཁང་གསར་བཞེངས་གྲུབ་པའི་སྔ་ལྟས་སུ་འདུག །དཔལ་མཉན་ཡོད་ཆོས་ཁྲིའི་པད་ལྟེ་ལ། །རང་རྐང་སེན་ཉི་འོད་ཤར་བའི་མོད། །བློ་གསལ་བའི་བུང་བ་ལེགས་བཤད་ཀྱི། །རོ་དངར་བའི་སྦྲང་རྩི་བཅུད་མྱོང་ལོ། །གནས་སྔོན་གྱི་ཁང་རྙིང་མུན་འཐིབས་པར། །ཡིད་སྡུག་བསྔལ་སློང་རྐྱེན་དྲག་པོ་ཡིས། །ཕྱིས་དགའ་ལྡན་ཕོ་བྲང་འགྲན་བཟོད་པའི། །དྲི་གཙང་ཁང་འབྱུང་བའི་སྐྱ་རེངས་ཤར། །དེའི་ཚེ་སྟོན་ཅག་དང་པོ་ལ་སློབ་གཉེར་བ་གྲ་པ་ཤ་སྟག་མང་པོ་བྱུང་སྟེ། འགའ་ཞིག་དད་འདུན་གྱི་ཉན་འདོན་པ་དང༌། ཁ་ཅིག་ཆོས་བཤད་ཇི་ལྟར་འབྱུང་གི་ཉན་རྣ་ལྟ་བུར་འདུག་ཀྱང་རང་ཉིད་ལ་འཇམ་དབྱངས་བླ་མའི་བཀའ་དྲིན་དང༌། བློ་དང་