R171: རང་གི་རྣམ་པར་ཐར་པ་ཡུལ་སྣ་ཚོགས་ཀྱི་བདུད་རྩི་མྱོང་བའི་གཏམ་དུ་བྱས་པ་ཟོལ་ཟོག་རྫུན་གྱིས་མ་བསླད་པ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༤༥༦
[A:༤༥༦]རྩོལ་བ་མི་ཞན་ཙམ་ཡོད་པ་དང༌། ཁྱད་པར་ཡ་ག་ཆོས་སྡིངས་སུ་འཆད་ཉན་རྒྱུན་རིང་བྱེད་བཞིན་པ་ཡིན་པ་ནས་པོ་ཏི་ཕྱི་ནང་གང་ལ་ཡང་འཆད་རྒྱུ་ཐོགས་མེད་ཡོད་པ་དང༌། གདུལ་བྱ་དང་འཚམ་པའི་འཆད་ལུགས་ཀྱང་ས་པཎྜིཏས། །བློ་ཆེན་རྣམས་ལ་ཟབ་རྒྱ་ཆེ། །བློ་ཆུང་བཟུང་བདེ་གོ་བླ་བ། །དེ་ལས་བཟློག་ན་མཁས་རྨོངས་ཀྱི། །གདུལ་བྱ་དགའ་བ་སྐྱེད་མི་ནུས། །ཞེས་གསུངས་པ་ལྟར་གང་ལ་གང་མཚམ་གྱི་འཆད་ལུགས་ཤེས་སྙམ་པའི་རློམ་པ་ཡང་ཅུང་ཟད་ཡོད་པས། གདུལ་བྱ་བློ་གསལ་རྒན་གཞོན་ཕལ་ཆེ་ཡང་བློ་ཁ་ཚིམ་ཞིང་དགའ་མགུ་ཡི་རང་པ་ཁོ་ན་བྱུང་ཟེར། ལེགས་བཤད་རྗེས་ཆགས་དམར་བ་ཡིས། །མྱོས་པ་འཆད་མཁས་རྟ་ལྗང་ཅན། །འཚམས་སྤྲིན་གོས་དམར་གྱིས་ཀླུབས་པའི། །ཞེས་པ་དཔེའི་གཟུགས་ཅན་ནོ། །འཆར་ཀའི་ཉི་གཞོན་ལ་ནི་འགྲན། །ལྷ་རྣམས་ལྷ་ཡི་བདུད་རྩི་ཟ། །བློ་གསལ་མཁས་པའི་ལེགས་བཤད་མྱོང༌། ལེགས་བཤད་བདུད་རྩི་དགྲ་དང་བྲལ། །བཟློག་པའི་དཔེ་རྒྱན་འདི་མྱོངས་ཤིག །དེ་ནས་ཁོ་བོས་སྟོན་ཅིག་དང་པོ་ཆོས་ཞག་ཚང་བར་བཏང༌། །དེ་རྗེས་ཤར་གྱི་སྦྱིན་བདག་སོ་སོ་ལ་མཇལ་འཕྲད་ལ་ཆས་རོགས་དྲུང་རམས་པ་ནམ་མཁའ་རྣམ་རྒྱལ་ཆོས་འཕེལ་ཟེར་བའི་རྩེ་ཆེན་རབ་འབྱམས་པ། མང་ཐོས་རྣམ་རྒྱལ་སོགས་ཡོད། ཤེལ་དཀར་གྱི་ཐད་དེ་ཙམ་སླེབ་པ་ན་བྱང་འཁྲིས་ཀྱི་ཞིང་ཆེན་པོ་ཞིག་ན་ཤེལ་དཀར་རྒྱལ་ཆེན་པ་འུ་ལག་པ་མང་པོ་དང་བཅས་བཙས་འགོ་ལ་ཕེབས་འདུག་པས་སྔར་མཇལ་མ་མྱོང་ཡང་ངེད་ལ་གཟིགས་པས་བརྒྱང་རིང་པོ་ནས་ཕྱག་འཚལ་ཞིང་བྱོན། འུ་ལག་པ་མང་པོ་ཡང་ཕྱག་འབུལ་ཐིབས་ཐིབས་བྱུང་བས་སྣ་འདྲེན་གྱི་རྟེན་འབྲེལ་བཟང་བསམ་པ་ཤར། ཤར་སྐྱ་རེངས་འོད་ཀྱི་མདངས་ཙམ་གྱིས། །གླིང་བཞི་པ་གསལ་བྱེད་འོད་