[A:༤༥༧]བརྒྱ་པའི། །སྣ་དྲངས་ནས་རྩི་བཅུད་ནགས་ཚལ་སྨིན། །ཀུན་བདེ་ལ་བཀོད་པའི་རྣམ་ཐར་ལྟོས། །དེ་ནུབ་གནས་སུ་ཕྱིན་གནས་པ་གཟིམ་ལགས་ཀྱིས་སྣ་ལེན་བཟབས་མ་དང༌། སྔར་ཡིད་གཅུགས་ཀྱི་གྲོགས་ལྟར་མཐུན་པའི་གཏམ་གླེང་མོ་བག་ཕེབས་པར་སྨྲ་བ་བྱུང་ངོ༌། །དེ་ནས་སྣར་ཐང་དུ་ཕྱིན་སྣར་ཐང་གི་རི་ཀླུངས་ཆགས་ཚུལ་ཆོས་སྡེའི་ལྕགས་རི་སོགས་མཐོང་བས་སྔར་གྱི་བག་ཆགས་སད་པ་ལྟ་བུའི་སེམས་དགའ་སྤྲོ་སིང་ངེ་བ་བྱུང༌། སྣར་ཐང་སྡེ་པ་དང་མཇལ་དུས་སྡེ་པ་དེ་གཟུགས་བཟང་པོ་ཡིན་མདོག་རྣམ་པོ་ཞིག་མི་འདུག་ཀྱང༌། ཆོས་ལུགས་ལ་འབེལ་གཏམ་གྱི་བགྲོ་བ་གླེང་དུས་མདོ་སྔགས་གཉིས་ཅར་ལ་གསུང་རྒྱུ་ཡོད་པ། གསུངས་པ་དེ་ཡང་ཕལ་ཆེར་དོན་དང་མཐུན་པ། ཕན་ཚུན་གཅིག་ལ་གཅིག་དག་སྣང་ཡིད་འདྲོངས་པ་བྱུང༌། ཡུལ་སྣར་ཐང་གི་ཕུན་ཚོགས་གླིང་ཆེན་དུ། །གཏམ་ཆོས་སྨར་གྱི་སྡེ་དཔོན་ཆེན་དང་མཇལ། །ཆོས་ལེགས་བཤད་སྐྱེས་ཀྱི་དགའ་སྟོན་སྤེལ། །ངེད་ཕན་ཚུན་དུ་དག་སྣང་གི་མཇལ་འཕྲད་ལེགས། །དེའི་ཚེ་སྐུ་མདུན་ཞིང་བཞག་རྡོ་རྗེ་བསམ་གྲུབ་རྩེ་ན་མི་བཞུགས་འདུག་པས་ཤངས་ལ་འགྲོ་དགོས་ཤར། གྲུ་ཁར་སླེབ་མཚམས་ཉང་སྟོད་ནས་དྲུང་ཆེན་རིན་རྒྱམ་པ་སྐུ་མདུན་ལ་མཇལ་དུ་འགྲོ་བ་དང་འཛོམ། སྔར་མཇལ་མ་མྱོང་ཡང་བྱ་རྒོད་གཤོངས་ཀྱི་སྲེད་པས་སྔར་མཐུན་པར་འགྲོགས་པའི་མཛའ་བོ་བཞིན་དུ་དགའ་སྤྲོ་ཤིན་ཏུ་ཆེ་བ་བྱུང༌། དེ་ནས་དྲུང་ཆེན་དང་སྡེབས་མོ་བྱས་ཕྱིན་དེ་ནུབ་ཤངས་ཀྱི་མདའ་དེར་བསྡད། སང་སྔ་བར་ལངས་ཕྱིན་པས་རྣམ་རྒྱལ་གླིང་གི་མདུན་ཤངས་སྲེག་ཞིང་གི་ཐད་དུ་སླེབ་ཙ་ན། སྐུ་མདུན་ཞིང་དེ་ཐུགས་གཅག་དག་པོ་ཞིག་ཡིན་འདུག་པས་ངེད་དྲུང་ཆེན་གཉིས་ཆར་ལ་རྟ་དང༌།