[A:༤༥༩]ཏུ་ཆེ་བ་ཞིག་འདུག །ནང་ན་གདན་བཟང་པོ་བཏིང་མཆོད་གནས་དགའ་ལྡན་པའི་གནས་བརྟན་བགྲེས་པོ་ཞིག་འདུག །གྲ་ས་སོ་སོ་དང་ཆོས་སྡེ་སོ་སོའི་ལོ་རྒྱུས་རྣམས་བརྗོད་ཁྱད་པར་བཀྲ་ཤིས་ལྷུན་པོ་ནས་ངམ་རིང་ཆོས་སྡེར་གྲ་སྐོར་ལ་ཡོང་པའི་གྲ་སྐོར་པ་རྣམས་ཀྱི་ལོ་རྒྱུས་དང༌། གྲ་སྐོར་པ་ཡོན་ཏན་ཆེ་བ་ཞིག་གིས་ཆོས་སྡེའི་གུང་གྲལ་གྱི་གདོང་གྲལ་གྱི་དབུས་ན་གྲལ་ཡོད་པ་གོང་དཀར་བའི་སློབ་དཔོན་ཡིན་ཟེར་བའི་བླ་མ་ཞིག་ལ་དབུ་མ་ལ་གཞུང་ཞུས་འཇོག་གི་ཚེ་བཤད་པ་ལམ་པ་དང༌། ཁྱད་པར་ས་དགའ་ལྡན་གྱི་གྲུབ་མཐའ་མི་མཐུན་པ་ཡོད་ཚུལ། དགའ་ལྡན་པ་རྣམས་ཀྱི་ཟེར་ལུགས་འདི་འདྲ་ཡོད་ཚུལ། དེ་ལ་གཞན་ཕྱོགས་ཀྱི་ལུང་རིགས་ཀྱི་སྐྱོན་བརྗོད་འདི་ལྟར་གཏོང་ཚུལ། ས་སྐྱ་པ་གོ་ཤཱཀ་འབུམ་སོགས་ཀྱི་བཞེད་པ་འདི་ལྟར་ཡིན་ཚུལ། དེ་ལ་གཞན་ཕྱོགས་ཀྱི་ལུང་རིགས་ཀྱིས་སྐྱོན་འདི་ལྟར་བརྗོད་ཚུལ། དེའི་ལན་རིག་པ་ལ་མ་ཁྱབ་མཚམས་འདིར་རུ་བྱེད་ཚུལ། ལུང་གི་དགོངས་པ་འདི་ལྟར་ཡིན་ཚུལ་སོགས་སིལ་བུར་བཤད་སོང་བས་གྲ་སྐོར་བ་དེ་འཇིགས་ཆུམ་པ་ཞིག་བྱུང༌། བགྲོ་གླེང་གཏོང་རྒྱུ་ཡང་དཀོན་པ་འདྲ་བ་ཞིག་གི་ངང་ནས་ཐལ་འགྱུར་གསུམ་ཙམ་འཕངས། དེ་ནས་དབུ་མཛད་ཆེན་མོ་དེ་ལངས་ནས་མཆོང་ཡར་གྱིས་ཀྱི་བརྡ་བྱེད་ཀྱི་འདུག་པས་དེ་ག་བཞིན་བྱས། བགྲོ་གླེང་མང་པོའི་འགྲོ་ལྡོག་བྱེད་མ་ནུས་ཟེར་བ་སོགས་སྨྲ་ཀྱིན་འདུག་པས༌། ངེད་ཀྱི་རོགས་རྣམས་ཀྱིས་དེའི་བླ་མ་དེ་འདི་ག་ཡིན་བྱས་པས་ཁོང་དགའ་སྟེ་རྗེས་སུ་ཡི་རང་བསྔགས་བརྗོད་མང་པོ་བྱེད་ཀྱི་འདུག །ཇ་ཞིམ་པོ་སྦྱོར་གཉིས་ཙམ་འཐུར་ལོ་རྒྱུས་མང་པོ་བྱས། རྗེ་ས་སྐྱ་པཎ་ཆེན་གདན་ས་མཆོག །ཤངས་སྲེག་ཤིང་དཔལ་གྱི་དགོན་པ་ན། །བཀའ་ཟབ་ཆོས་འདོམས་པའི་ཆོས་ཁྲི་