R171: རང་གི་རྣམ་པར་ཐར་པ་ཡུལ་སྣ་ཚོགས་ཀྱི་བདུད་རྩི་མྱོང་བའི་གཏམ་དུ་བྱས་པ་ཟོལ་ཟོག་རྫུན་གྱིས་མ་བསླད་པ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༤༠༡
[A:༤༠༡]པ། དཀར་མེས་གཡོན་ཕྱོགས་སུ་ཕ་དང༌། གཡས་སུ་ངེད་སྤུན་བཞི་རིམ་པ་བཞིན་ཉལ་བས། དཀར་མེ་དང་ངེད་ཐག་རིང་ཡང༌། ངེད་ཀྱི་སྤྱི་གཙུག་སྐྲ་ལ་དཀར་མེ་ལྷབ་འབར་བ་ཕས་མཐོང་ནས། བུ་ཚ་འདི་སྐྲ་གཅོད་པ་འཐད་པར་འདུག་ཟེར་བས་ཉེ་བའི་རྐྱེན་དེ་ཁོ་ནས་བྱས་པར་སྣང་ངོ༌། །ཆོས་ཀྱི་འཁོར་ལོའི་སྒྲ་དབྱངས་སྒྲོག་པའི་གནས། །ངུར་སྨྲིག་དགེ་འདུན་འདུ་བའི་ཆོས་གྲྭ་ཆེར། །ཚེ་རབས་འཕྲེང་བར་བརྩེ་བས་བསྐྱངས་པའི་མགོན། །འཇམ་མགོན་ཕྱོགས་ལས་རྣམ་རྒྱལ་དེ་ན་བཞུགས། །ཆོས་གྲྭ་དེ་མཐོང་ཡོངས་འཛིན་དེ་མཇལ་ཚེ། །རི་བྱིའི་གུར་ཁང་མཁའ་ལ་ཤར་བ་བཞིན། །གཟུང་འཛིན་རྙོག་མའི་དྲི་མ་རྩད་ནས་བཀྲུས། །སྙིང་ལ་རབ་དགའི་འོད་སྣང་དེ་ཚེ་ཤར། །ཞེས་པ་སྟེ། བཅུ་གསུམ་པ་ལུག་ལོའི་སྟོན། ངེད་སྤུན་བཞི་ཆར་གྱིས་བོད་ལ་ཡོངས་གཅུང་མདོ་སྤེ་ཆོས་སྡེར་ཟླ་བ་བཞི་ཙམ་བསྡད། དེ་ཕྱོགས་ཀྱི་དགོན་གནས་སོ་སོར་རྟེན་མཇལ་ངོ་མཚར་གྱི་ལྟད་མོ་སྣ་ཚོགས་བལྟས། དེ་ནས་ཨ་ཇོ་སྤུན་གསུམ་འབྲོག་ལ་ཐེགས་སོང༌། ངེད་ལ་གཙིགས་ཤིན་ཏུ་ཆེ་བ་ཡོད་ཀྱང༌། རང་ཆོས་བྱེད་བསམ་པའི་བློ་ཁོང་དུ་བཅངས་པས། ཁོང་སྤུན་གསུམ་ཐེགས་པ་དང་མི་ཟུག་པ་སོགས་སྡུག་བསྔལ་མེད་པར་དེ་གར་བསྡད། དེ་ནས་དཔྱིད་ཤར་བའི་ཚེ་ཆོས་འཁོར་གླིང་ནས་འཇམ་མགོན་བླ་མས། རྒྱལ་སྲས་ཐུགས་རྗེ་དཔལ་ཟེར་བའི་གྲྭ་པ་གཉིས་རྟ་དང་བཅས་པའི་བདག་བསུ་བ་ལ་བཏང་བྱུང་བས། རང་དང་ན་མཉམ་པའི་འབྲོག་ཕྲུག་གཅིག་དང་བཅས་ཕྱིན་པས། དགོན་པ་དེར་སླེབ་པ་ན་ཁང་ཕྲན་ཐམས་ཅད་ཞོ་སྤུངས་པ་ལྟར་དཀའ་བ། སྒོ་ལོགས་ཐམས་ཅད་ས་ཁྲའི་འབྱེད་སྣ་ཚོགས་བྱས་པ། ཕྱི་ནང་ཐམས་ཅད་གྲྭ་པས་དམར་མེར་ཁེངས་པ་འདྲ་བ་དེ་མཐོང་བ་ཙམ་གྱིས།