[A:༤༦༤]ཆེ་བ་བྱུང་ངོ༌། །དེ་ནས་ཆོས་སྡེར་ཡོངས་རྟེན་མཇལ་རགས་པ་ཙམ་དང༌། སྐུ་དྲུང་བློ་གྲོས་པ་ཟེར་བའི་ཆོས་སྡེའི་ཆོས་ཁྲིམས་བྱ་གཤོངས་པ་ཡིན་པ་དེས་བསྙེན་བཀུར་འབུལ་སྐྱེས་ཤིན་ཏུ་བཟབས་པ་མཛད། དེ་ནས་ཕོ་བྲང་རྩེ་ཆེན་དུ་འགྲོ་བའི་ཚེ་བྱ་གཤོངས་ཕྱོགས་ཀྱི་བླ་མ་སློབ་དཔོན་གྲ་པ་དྲག་པ་རྣམས་ཀྱིས་རྟ་ཁྲོམ་ཤིན་ཏུ་བཟབས་པ་དང༌། རང་རེའི་རྩེ་ཆེན་ཕྱོགས་ཀྱི་སློབ་གཉེར་བ་རྣམས་ཀྱིས་སེར་སྒྲེང༌། སྒྲ་རོལ་ཆ་སོགས་ཀྱི་བསུ་བ་བྱས་ཕོ་བྲང་རྩེ་ཆེན་དུ་སླེབ། སྡེ་པ་ཡུམ་སྲས་དང་བློན་ཆེན་སྡེ་པ་འཚོ་ལགས་སོགས་དང་མཇལ། དེ་སྔ་རྗེ་སངས་རྒྱས་རྒྱལ་མཚན་པ་དང་མཇལ་ཕྲད་ཙམ་མ་གཏོགས་ཡོན་མཆོད་ཤིན་ཏུ་འབྲེལ་ཆེ་བ་རང་མ་བྱུང་འདུག་ཅིང༌། ཁྱད་པར་ཆོས་དབར་ཞིག་ལ་གདན་འདྲེན་མཛད་རྩིས་ཕེབས་པར་ཞལ་གྱིས་བཞེས་ནས་ཕྱག་ཐོག་མ་བཀལ་བས་ཐུགས་ཅུང་ཟད་འགལ་བ་ཙམ་བྱུང་བ་ཡིན་པ་འདྲ་ཟེར། འོན་ཀྱང་རྩེ་ནས་གནང་སྐྱེས་སོགས་བདག་རྐྱེན་ཤིན་ཏུ་བཟབས་པ་མཛད། འཚོ་ལགས་དྲུང་ཆོས་སྡེའི་གྲ་ཁང་ཞིག་ཏུ་ཕེབས་ནས་གསོལ་ཇ་འབུལ་སྐྱེས་སོགས་དང༌། བྱ་གཤོངས་པ་གྲ་ས་དངོས་གཙང་རང་དུ་འདུག་པས་ཆོས་དབར་ཞིག་ལ་གདན་འདྲེན་འདོད་ཡོད་གསུང་བ་ཙམ་འདུག །རི་མཐོན་པོ་རྩེ་ཆེན་ཕོ་བྲང་དུ། །རིགས་བཙུན་པོ་ཀུན་བཟང་ཡབ་སྲས་མཇལ། །བྱང་རྣམ་སྲས་འབྱོར་པར་འཐབ་ཅིང་འཕྱ། །རྫས་ལོངས་སྤྱོད་ཆོས་ཕྱིར་གཏོང་ལ་དགེ །ཁོང་རྒྱལ་པོའི་བློན་པོ་ལྷག་བསམ་ཅན། །དེ་བདག་དྲུང་ཆེད་དུ་གཏད་པ་འདི། །ཐུགས་དད་འདུན་ལུས་ཀྱི་བ་སྤུའི་ཚོགས། །རིགས་སད་ནས་ཅི་ཡང་གཡོ་བའི་རྟགས། །ཞེས་ཆེའི་རྒྱན་ནོ། །དེ་ནས་ཕོ་བྲང་འབྲོང་རྩེར་ཕྱིན། འབྲོང་རྩེ་ཧོར་རྩེའི་