R171: རང་གི་རྣམ་པར་ཐར་པ་ཡུལ་སྣ་ཚོགས་ཀྱི་བདུད་རྩི་མྱོང་བའི་གཏམ་དུ་བྱས་པ་ཟོལ་ཟོག་རྫུན་གྱིས་མ་བསླད་པ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༤༦༣
[A:༤༦༣]པོ་མ་སྐྱེས་དགྲའི་གདུང་སྐལ་ཡིན་ཟེར་བའི་སངས་རྒྱས་ཀྱི་འཕེལ་གདུང། ཙནྡན་དཀར་པོའི་དྲི་གཙང་ཁང་གི་དབུས་ན་ཤེལ་བུམ་གྱི་ནང་ན་བཞུགས་པ་དེ་དང༌། འཕགས་པའི་དངུལ་སྐུ་རྒྱ་ནག་མ་དང༌། ཟི་ཁྱིམ་ལས་གྲུབ་པའི་དྲིལ་བུ་རྩེ་ལྔ་མ་ཆུང་བ་དང༌། ཐེག་ཆེན་མ་ཆེ་བ་གཉིས་སྐད་ཤིན་ཏུ་བཟང་བ་དང༌། རྒྱ་ཞྭ་རིགས་ལྔ་མ་དང༌། གཞན་ཡང་ཙནྡན་སོགས་ཀྱི་ལྡེ་གུ་ལས་གྲུབ་པའི་འཕགས་པའི་ཕྱག་འཕྲེང༌། དགང་གཟར། དགང་བླུགས་གསེར་ཚགས་དངུལ་ཚགས་མ། སྤོས་རྒྱའི་བར་གསེར་ཚགས་དངུལ་ཚགས་མ་སོགས་ངོ་མཚར་བ་ཤིན་ཏུ་མང་བ་དང་མཇལ། ཤར་རྒྱལ་མཁར་རྩེ་ཡི་ཕོ་བྲང་དུ། །རིགས་ཆོས་རྒྱལ་སྡེ་སྲིད་མཆེད་དང་མཇལ། །སྐུ་ཡར་གཅོད་སྒལ་ཚིགས་བཟང་ན་ཡང༌། །ཐུགས་བག་ཕེབས་གསུང་གི་བཀའ་མཆིད་འཇམ། །རྟེན་ལི་མ་ལྔ་ཡི་ཞལ་སྒོ་ནས། །གསུང་ལྷང་ལྷང་སྨྲ་བར་མ་ནུས་ཏེ། །སྐུ་མཛེས་པའི་རྣམ་འགྱུར་མཉེན་ལྕུག་ལྡེམ། །གསུང་སྨྲ་འདོད་ཞལ་མཆུ་འཛུམ་མེ་བཞུགས། །ཞེས་པ་རྣམ་ཕྲའི་རྒྱན་ཏེ། རྟེན་ངོ་མཚར་ཅན་རྣམས་ཀྱིས་གསུང་བྱོན་པ་མིན་ཡང་སྐུ་མཛེས་པའི་རྣམ་འགྱུར་བཟོ་ཁྱད་ངོ་མཚར་བས་དངོས་མཇལ་ལྟ་བུའི་གསུང་ཆོས་ཐོབ་པ་དང་འདྲ་བའི་དགའ་བ་ཁྱད་པར་ཅན་སྐྱེས་ཤེས་པའོ། །སྡེ་པ་སྐུ་མཆེད་གཉིས་ཅར་གྱིས་གནང་སྐྱེས་གྱ་ནོམ་པ་དང༌། ཁྱད་པར་སྡེ་པ་རྣམ་པར་རྒྱལ་བས་ཟུར་དུ་སྒོས་མཇལ་གནང༌། བྱ་གཤོངས་པ་ལ་ཁྱད་པར་དུ་བདག་རྐྱེན་གནང་བ་ཞིག་འདུག་པས་སྒོས་ཀྱི་གནང་སྐྱེས་སོགས་ཤིན་ཏུ་དགྱེས་པ་མཛད། གཟིམས་ཤག་ཏུ་དཔོན་ས་བྲག་ཁ་མ་དང་མཇལ་ཐུགས་ཤིན་ཏུ་གྲོལ་བའི་གསུང་འཕྲོས་དང༌། འབུལ་སྐྱེས་སོགས་ལེགས་ཚོགས་ཤིན་ཏུ་