R171: རང་གི་རྣམ་པར་ཐར་པ་ཡུལ་སྣ་ཚོགས་ཀྱི་བདུད་རྩི་མྱོང་བའི་གཏམ་དུ་བྱས་པ་ཟོལ་ཟོག་རྫུན་གྱིས་མ་བསླད་པ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༤༦༥
[A:༤༦༥]སྲས་བསོད་ནམས་དཔལ་འཕེལ་དྲུང་དང་མཇལ། བཞུགས་གྲལ་དུ་ཇ་མཆོད་ཆེ་བའི་ཆེ་མཆོག་མ་གྱིས་གསུང་བ་དང༌། གཞན་ཡང་བྱ་གཤོངས་ཀྱི་བླ་མ་བརྒྱུད་པའི་མཚན་བསྟོད་སོགས་བྱས། དག་སྣང་ཐུགས་སྤྲོ་བ་དང་སྙེད་བཀུར་ཤངས་ལེན་སོགས་དངོས་གཙང་བ་མཛད། ཕོ་བྲང་འབྲོང་རྩེ་སྤོས་ངད་ལྡན་རི་རུ། །འདོད་ཡོན་གུར་གུམ་སྤོས་ཀྱི་འཕྲེང་བ་དངར། །དྲི་ལ་ཆགས་པའི་སྐྱེས་ཕྲན་བུང་བའི་ཚོགས། །རྣམ་གཡེང་རླུང་གིས་གཡོ་བ་མེད་གྱུར་ཅིག །དེ་ནས་ཆུ་ཤར་ལ་ཐོན་ཉང་སྟོད་སྟག་རྩེ་རུ་སླེབ། སྡེ་པ་སྟག་རྩེ་ཆོས་མཛད་པ་དང་མཇལ་འར་འུར་གྱི་གསུང་འཕྲོས་མང་པོ་དང་ཐུགས་དཀར་བའི་བསྙེན་བཀུར་དང་འབུལ་བ་བསམ་གྱིས་མི་ཁྱབ་པ་བྱུང༌། ཡུལ་སྟག་རྩེ་མཁར་མིག་བཙན་པོ་ན། །སྟག་དཔའོ་མི་ཡི་སེང་གེ་བཞུགས། །གསུང་འར་འུར་སྙན་དང་མི་སྙན་སྒྲོག །སེམས་དཀར་བའི་འུར་ཤོམ་གླུ་ལས་སྙན། །དེ་ནས་ཚོང་འདུས་ཁྲི་ཁང་དུ་གྲ་ལྔ་ཉིན་བྱེད་དབང་པོ་དང་མཇལ་ཆོས་ཀྱི་འབེལ་གཏམ་དང་གང་ཅིའི་གསུང་གླེང་བག་ཕེབས་པ་གནང༌། དེའི་ཚེ་གཟིམས་ཁང་ཀ་བརྒྱད་མ་ཤིན་ཏུ་ལེགས་པ་ཞིག་འདུག་པ་དེར་བཞུགས་གྲལ་བསྒྲིགས་བཞུགས་གྲལ་ན་གསེར་མདོག་ཅན་པའི་ཆོས་རྗེ་ཇོ་བ་སོགས་གྲ་བ་འགའ་ཡར་འདུག །གྲ་ལྔའི་ཞལ་ནས་ད་བགྲོ་གླེང་ཞིག་མཛད་དགོས་གསུང༌། ཁོ་བོས་པོ་ཏི་སོ་སོ་ལ་བཤད་པ་ལམ་པ་དང་དོགས་གཅོད་དང་བཅས་པའི་དམ་བཅའ་ཡོད་ཙམ་བྱས། ཇོ་བོས་བགྲོ་གླེང་བཏང་གྲུབ་མཐའ་སོ་སོའི་གནད་མ་རིག་པའི་ང་རྒྱལ་གྱིས་ཕར་མཆོང་ཚུར་མཆོང་མང་པོ་བྱེད་ཀྱིན་འདུག །ཁོ་བོས་གྲུབ་མཐའི་གནད་མ་རིག་པའི་ཕྱོགས་རེའི་མིག་ཅན་མ་མཛད་གྲུབ་མཐའི་གནད་འདི་ལྟར་ཡིན་ཞེས་ཞིབ་གསེད་མང་དུ་བྱ་པས་ང་རྒྱལ་