R171: རང་གི་རྣམ་པར་ཐར་པ་ཡུལ་སྣ་ཚོགས་ཀྱི་བདུད་རྩི་མྱོང་བའི་གཏམ་དུ་བྱས་པ་ཟོལ་ཟོག་རྫུན་གྱིས་མ་བསླད་པ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༤༦༦
[A:༤༦༦]ཞི་ནས་བསྡད་སོང༌། ཕྱིས་སྲས་ཆེ་བ་ལྷུན་ཆེན་དང་མཇལ་དུས་ཁོང་དེ་འདྲ་མཛད་པ་ཞིག་ཡོད་ཨ་ལགས་ཀྱང་ཉ་སྟོང་གི་གསོ་སྦྱོང་འཆག་མེད་མཛད་པ་ལ། ཁོང་གིས་དེ་ལ་གསོ་སྦྱོང་གི་སྡོམ་པ་ནི་མི་ཆགས་ཕན་ཡོན་མེད་ཟེར་བ་བྱས་པས་ཕྱིས་བཅག་ནས་ད་ལྟ་མི་མཛད་ཡོད་གསུང་སྟེ་དེ་གྲུབ་མཐའི་སྐྱོན་ཡིན། མཁས་པ་ཤཱཀྱ་མཆོག་ལྡན་པས་སོ་ཐར་རིགས་བརྒྱད་ལ་ཉན་ཐོས་ཆོ་གས་བླངས་པ་ཞིག་དགོས་གསུངས་པ་དེས་འཁྲུལ་བར་སྣང་སྟེ། སྡོམ་གསུམ་ལས། བྱང་ཆུབ་སེམས་དཔའ་ཉིད་ལ་ཡང༌། །སོ་སོར་ཐར་པ་འབོགས་པ་ཡི༌། །ཆོ་ག་འགའ་ཞིག་ཡོད་མོད་ཀྱི། །དེ་ཡི་ཆོ་ག་ཕལ་ཆེར་ནུབ། །གསོ་སྦྱོང་རང་གིས་བླངས་པ་སོགས། །ཆོ་གའི་ལག་ལེན་འགའ་ཞིག་ཡོད། །ཅེས་གསུངས་པ་དེ་སྤྱན་གྱིས་གཟིགས་ཀྱང་ཐུགས་རྣམ་དཔྱོད་ཀྱིས་མ་ཕྱེད་པའི་སྐྱོན་ཆེན་པོ་སྟེ། དེ་ན་ད་ལྟའི་ཆོ་ག་ནི། །བསམ་པ་སེམས་བསྐྱེད་ཀྱིས་ཟིན་པའི། །ཆོ་ག་ཉན་ཐོས་ལུགས་བཞིན་གྱིས། །ཞེས་པ་དེས་པཎ་ཆེན་པ་ཐུགས་འཁྲུལ་བར་སྣང་མོད་ལུང་དེའི་དོན་ནི། དགེ་བསྙེན་ཕ་མ་དང༌། དགེ་ཚུལ་ཕ་མའི་སྡོམ་པ་རང་གིས་བླངས་ཆོག་པའི་ཐེག་ཆེན་ཐུན་མོང་མ་ཡེིན་པའི་ཆོ་ག་ཞིག་ཡོད་པ་དེ་ནུབ་ནས་མེད་པས་དེ་རྣམས་དང༌། དགེ་སློང་ཕ་མའི་སྡོམ་པ་སོགས་ཉན་ཐོས་ཆོ་གས་བླང་དགོས་ཞེས་པའི་དོན་ཡིན་གྱི། དོན་ཡོད་ཞགས་པ་ནས་བཤད་པའི་ཐེག་ཆེན་ཐུན་མོང་མ་ཡིན་པའི་ཆོ་ག་ལ་བརྟེན་ནས་བསྙེན་གནས་ཀྱི་སྡོམ་པ་ཆགས་པར་གསལ་བར་བཤད་ཀྱི། དེས་ཆོ་གའི་གོ་མི་ཆོད་གསུང་བ་དངོས་ཤུགས་གང་ལས་ཀྱང་མ་བཤད་འདུག་པའི་ཕྱིར་དང༌། ཅི་སྟེ་དེ་ལ་བརྟེན་ནས་སྡོམ་པ་མི་ཆགས་སུ་ཆུག་ན་ཡང་བླངས་པ་ལ་ཕན་ཡོན་མེད་པ་མ་ཡིན་ཏེ། མཛོད་རང་འགྲེལ་ལས། གལ་ཏེ་དེ་ལྟར་ན་ཤན་