R171: རང་གི་རྣམ་པར་ཐར་པ་ཡུལ་སྣ་ཚོགས་ཀྱི་བདུད་རྩི་མྱོང་བའི་གཏམ་དུ་བྱས་པ་ཟོལ་ཟོག་རྫུན་གྱིས་མ་བསླད་པ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༤༦༧
[A:༤༦༧]པ་དང་བྱི་བྱེད་པ་དག་གིས་ཉིན་མོ་དང་མཚན་མོའི་བསྙེན་གནས་ཀྱང་འབྲས་བུ་ཡོད་པར་རུང་ངོ་ཞེས། སྤྱིར་བྱེ་སྨྲ་ལུགས་ལ་ཉིན་ཞག་མ་ཚང་བར་བསྙེན་གནས་ཀྱི་སྡོམ་པ་མི་ཆགས་ཀྱང་ཉིན་མོ་ཙམ་དང་མཚན་མོ་ཙམ་བསྙེན་གནས་བླངས་ཀྱང་ཕན་ཡོན་མེད་པ་མ་ཡིན་ཏེ། བསྙེན་གནས་སྡོམ་པ་མི་ཆགས་ཀྱང་ལེགས་སྤྱད་ཀྱི་དགེ་བ་ཡིན་པའི་ཕྱིར་ཞེས་པ་འདི་ཟུར་ཙམ་ཡང་མ་དགོངས་འདུག་པའི་ཕྱིར། སྤྱིར་གྲ་ལྔ་ཉིན་བྱེད་དབང་པོ་འདི་ཁོ་བོ་གྲ་ས་འཛིན་པ་ལ་ཤིན་ཏུ་བཀའ་དྲིན་ཆེ་སྟེ། ལོ་སྟར་གྱི་འཇམ་ཐལ་ཉིས་བརྒྱ་རེ་སྒོ་སྐྱེལ་གནང༌། ལོ་གནངས་ཆགས་ཀྱིས་མཇལ་དུ་འགྲོ་དེ་སྐབས་ལྷག་པོར་ཉིས་བརྒྱ་ཙམ་རེ་གནང༌། ཞལ་ནས་ཀྱང་ཁྱེད་ཁོར་ཁོར་འབྱོན་པ་འདི་ཞིབ་ཐལ་སློང་བ་འབའ་ཞིག་ཡིན། ཁྱེད་རང་དཔོན་སློབ་རྡོ་བཅལ་ཁར་གཤེགས་ལ་བསྔོ་བ་ཞིག་མཛོད་དང་ཞེས་ཉམས་ལྡན་ཡང་གསུང་ངོ༌། །རྫོང་ཚོང་འདུས་དབུ་རྩེའི་ཕོ་བྲང་ན། །མཆོག་སྤྱོད་ལྡན་གྲ་ལྔ་ཉིན་བྱེད་བཞུགས། །ལུགས་གཉིས་ལ་མཁྱེན་པའི་སྤྱན་རས་གསལ། །བློ་འཁྱོག་བྲལ་ཚད་མར་འཛིན་པ་ཡོད། །སྔོན་ལས་ངན་སྨིན་པའི་མཐུ་ལྷགས་ན། །ཡབ་རྒྱལ་ཁབ་གཟུགས་ཅན་སྙིང་པོ་དེའང༌། །གནས་ཕྱག་སྦལ་ནང་གི་མགྲོན་ལ་བཏང༌། །ཕོ་མ་སྐྱེས་མ་ཡིན་ལས་ཀྱི་མཐུ། །དེ་ནས་སྣར་ཐང༌། དེ་ནས་གནས། དེ་ནས་བྱ་རྒོད་གཤོངས་སུ་འགྱོགས་པར་སླེབ། དེ་ནས་གཡས་རུ་བྱང་ལ་མཇལ་འཕྲད་ལ་ཕྱིན་སྡེ་སྲིད་རྣམས་ངམ་རིང་ན་བཞུགས་པ་དང་མཇལ། ཤར་ཕྱོགས་ལ་ཕྱིན་པའི་ལོ་རྒྱུས་དང་སྐབས་སུ་འབེལ་གཏམ་དོགས་དཔྱོད་སོགས་འཕེལ་བར་བྱུང༌། ལྷོ་མ་ལ་ཡ་རླུང་གིས་རེག་པའི། །བྱང་རིགས་ལྡན་ཆོས་ཀྱི་ཕོ་བྲང་ཆེར། །ཆོས་སྒྲ་སྒྲོག་ནམ་ཡང་མི་ཆད་པའི།