R171: རང་གི་རྣམ་པར་ཐར་པ་ཡུལ་སྣ་ཚོགས་ཀྱི་བདུད་རྩི་མྱོང་བའི་གཏམ་དུ་བྱས་པ་ཟོལ་ཟོག་རྫུན་གྱིས་མ་བསླད་པ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༤༦༨
[A:༤༦༨] །ངོ་མཚར་བའི་ཆོས་རྒྱལ་མཆེད་རྣམས་མཇལ། །དམག་རུ་མཚོན་བཀོད་པའི་མཆོར་སྒེག་དང༌། །སྡེ་ཕས་རྒོལ་གཞོམ་པའི་འུར་སྡིང་སོགས། །ཁོང་འཇིག་རྟེན་གཞན་སྣང་མི་ཆེ་ཡང༌། །སྔོན་ཆོས་རྒྱལ་ལུགས་བཞིན་ས་ཆེན་སྐྱོང༌། །དེ་ནས་ངེད་རང་གིས་སྦྱིན་བདག་བྱ་མཆུ་ནང་དུ་ཕྱིན་སྦྱིན་བདག་འདི་ཚང་ཁོ་བོ་ཆོས་སྒོར་ཞུགས་ཕྱིན་ནས་བུ་བཞིན་དུ་སྐྱོང༌། ཆོས་གླིང་སློབ་དཔོན། ཡ་ག་ཆོས་སྡིངས་སློབ་དཔོན་སོགས་སྐབས་ཐམས་ཅད་དུ་གུས་ཞེན་ཆེ་ཞིང༌། མཁོ་བའི་ཡོ་བྱད་བསྒྲུབ་པ་ཞིག་ཡིན་པས་དེར་ཞག་འགའ་བསྡད། ཚེ་བཀའ་སོགས་དབང་རྗེས་གནང་མང་དུ་བྱས། དེ་ནས་ངེད་རང་གི་འབྲོག་སྡེ་རྣམས་བུ་ལེའི་རྒྱབ་འདི་ན་བསྡད་ཡོད་ཟེར་འབོད་དུ་བྱུང༌། དུས་སྔོན་གྱི་སྦྱིན་པོ་དད་པ་བརྟན། །ངེད་གཞོན་དང་དར་བབས་རྒན་གྱི་བར། །རྫས་རྙེད་དང་བཀུར་སྟིའི་མཆོད་ལ་བརྩོན། །ཁྱེད་བུ་ནོར་ལོངས་སྤྱོད་དར་བབས་ཤོག །དེ་ནས་བུ་ལེའི་རྒྱབ་གངས་ཀྱི་ཟིལ་མངར་ཆར་བཞིན་འབབས་པའི་གནས་ན་ལ་རྩེ་ཞེས་པར་སླེབ། ངེད་རང་གི་གཉེན་འཁོར་གཡོག་རིགས་རྣམས་ཀྱིས་དབང་ཞུ་བྱས། དད་འབུལ་གྱི་གསེར་ཞོ་བཅོ་ལྔ་སྐོར་དང༌། བྱ་གཤོངས་སུ་དཀར་མེ་དང༌། ཇ་སྡོར་སོགས་ལ་ཕན་ཟེར་ནས་འབྲི་མ་བུ་བདུན་ཅུ་སྐོར་ཞིག་བྱིན། དེ་ནས་འབྲོག་སྡེ་དང་བསྡེབས་རྒྱ་ཚོར་སླེབ། དེ་ནས་ལ་ལ་ཡོངས་པས་ངེད་རང་གི་ཚ་ཡུག་དང་སྲིང་མོ་སོགས་གཞོན་གཞོན་འདྲས་ངུ་ཚི་བྱེད་ཅིང་སྐྱེལ་མ་ལ་ཡོང༌། ངེད་ཀྱི་རོགས་རྣམ་རྒྱལ་ཀླུ་སྒྲུབ་ཟེར་བ་དེས་ཀྱང་སྐད་སྟོན་ཅིང་མཆི་མ་ཕྱུང༌། དེ་ནས་སྨན་གྱི་སྦུབས་ལ་བྱས་འདར་སྐྱིད་གཤོངས་སུ་སླེབ། སྲེད་ཞགས་པས་བཅིངས་པའི་གཉེན་དང་འཁོར། མར་ཞོ་དར་འཛོམས་པའི་འབྲོག་པའི་སྡེས། །འཕྲལ་ཡུན་དུ་མཁོ་བའི་ལོངས་སྤྱོད་