R171: རང་གི་རྣམ་པར་ཐར་པ་ཡུལ་སྣ་ཚོགས་ཀྱི་བདུད་རྩི་མྱོང་བའི་གཏམ་དུ་བྱས་པ་ཟོལ་ཟོག་རྫུན་གྱིས་མ་བསླད་པ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༤༧༦
[A:༤༧༦]ཆེ་ཡང་བྱ་གཤོངས་མགོན་ཁང་མགོན་ཆེན་གྱི་ཤངས་ནས་ཁྲག་མང་པོ་བརྡོལ། དཔོན་དྲུང་དཀྲོང་མཁན་ཤངས་པ་རྟ་མཆོག་ཟེར་བ་དེ་གཙང་པོ་ལ་གཟིངས་རྡིབ་ནས་འདས། དྲོ་ཁུད་བསམ་རྒྱལ་ལ་ནད་ངན་པ་བྱུང༌། བྱ་གཤོངས་ནས་ཐོབ་བ་ནོམ་པའི་ལུགས་སུ་བྱས་པའི་ཀུན་མཁྱེན་ལྕགས་ཐང་པའི་ཐུགས་དམ་དམག་ཟོར་མའི་གོས་ཐང་ལ་མེ་འབར། བསྟེན་མ་ནུས་པར་ཐང་ཁ་ཇ་ལྡུམ་སོགས་དངོས་སྤྱད་རྣམས་བྱ་གཤོངས་སུ་སྐྱེལ་དུ་བྱུང་ནས་ཐང་ཁ་དེ་དེང་སང་རྗེ་སངས་རྒྱས་རྒྱལ་མཚན་པའི་གཟིམས་ཁང་རྣམ་རྒྱལ་རྩེ་ན་ཡོད། བྱ་གཤོངས་ནས་ཚོགས་དུང་དམག་མི་ཞིག་གིས་ཁྱེར་ནས་རོང་ཚོའི་ཀོ་བ་ལ་ཕྱིན་པ་དུང་གིས་སྐད་བཏོན་པ་ཕྱིས་བྱ་གཤོངས་སུ་ཕུལ་འདུག །དམག་མིའི་གཙོ་བོ་ཕྲ་མ་བ་སོགས་ལའང་གནོད་པ་ཆེན་པོ་བྱུང༌། ལོ་འདི་ལ་ཡང་ཕྱག་དྲུག་པའི་མགོན་ཁང་དུ་ཕྱག་དྲུག་སྦྲུལ་ཞག་ནས་ཁྲག་འཛག་པ་སོགས་ཆོ་འཕྲུལ་ཆེ་ཙམ་བྱུང་ངོ༌། །དུས་མེ་ཕོ་བྱི་བའི་བགྲང་བྱ་ལ། །ཡུལ་བོ་དོང་ས་ཡི་ཐིག་ལེ་རུ། །ཡུལ་བདག་པོ་འཕོ་འཕྱུགས་དུས་གཅིག་འཛོམ། །ཁོང་ཟླ་ཉི་འཕོ་འཕྱུག་རྟེན་འབྲེལ་གཤིས། །ཟླ་ཤེལ་བསིལ་ཟེར་གྱི་རེག་པདྨའི་ཁ། །ཟུམ་པས་ཞལ་སྐྱེངས་ཤར་རིའི་འཕངས་པ་ནས། །ཉི་གཞོན་སྤྱན་དྲངས་པད་དཀར་བཞད་པའི་རོས། །བུང་བ་རྒྱགས་ཚེ་ཁྱུང་ལ་འགྲན་བཟོད་ཙམ། །དེ་ནས་ཞབས་དྲུང་བཀྲ་ཤིས་སྟོབས་རྒྱས་དྲུང་དང༌། བཀྲས་འཛོམ་མི་དབང་སོགས་ཀྱིས་ཉེར་སྦྱར་ནས་ཁྱེད་རང་ཡང་ཆོས་གཞིས་ཤིག་ཞུ་རུ་བྱོན་ན་ལེགས་གསུང༌། བདག་རོགས་དང་བཅས་པས་མགྱོགས་པར་ཕྱིན་ཆོས་རྒྱལ་ཀུན་དགའ་རིན་ཅེན་ལ་གསོལ་ཇ་ཞུས་འབུལ་བྱ་དར་གོས་རས་སོགས་དང༌། ངེད་རང་གི་ཀར་དྲིལ་རྩེ་ལྔ་མ། མཁར་རྔ་ཞིག་རྣམས་