R171: རང་གི་རྣམ་པར་ཐར་པ་ཡུལ་སྣ་ཚོགས་ཀྱི་བདུད་རྩི་མྱོང་བའི་གཏམ་དུ་བྱས་པ་ཟོལ་ཟོག་རྫུན་གྱིས་མ་བསླད་པ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༤༧༧
[A:༤༧༧]ཕུལ་བས་མཁར་རྔ་མ་གཏོགས་གཞན་ནི་མ་བཞེས། ཁྱེད་གྲ་ས་དངོས་གཙང་རང་ཡིན་པས་ཆོས་གཞིས་ཤིག་རིགས་གསུངས་ནས་བསྟན་པ་ལ་ཕན་པའི་ལྷག་བསམ་ཐུགས་ལ་བཅངས་ནས། ཤག་བློ་བ་བདག་པའི་ས་ཞིང་ས་སྐོར་དང་བཅས་པ། མཉན་ཕུག་པའི་ཁང་ཞིང༌། བོན་གནས་ཟེར་བའི་གྲོད་གཡོག་དང་བཅས་པ་སོགས་བཀའ་དྲིན་ཚད་མེད་པ་བསྐྱངས། ཆོས་རྒྱལ་ནོར་ལྷའི་བུ་དེས་བཤད་གྲའི་སྡེར། །དགེ་འདུན་གསོས་ཀྱི་འཚོ་བའི་རྐྱེན་སྨན་སྦྱར། །ཕ་རོལ་སྟོབས་ལྡན་ས་འོག་རིམ་པར་བཅིངས། །རབ་དཀར་སྙིང་སྟོབས་དཔུང་དེས་ཡིན་ནམ་སྙམ། གཟུགས་ཅན་ཕུལ་བྱུང་རབ་བརྟགས་ཀྱི་རྒྱན་ནོ། །ནག་ཕྱོགས་བདུད་ཀྱི་རུ་མཚོན་དཔུང་བརྙིལ་ནས། །དཀར་ཕྱོགས་སྲུང་མས་རྒྱལ་མཚན་བ་དན་བསྒྲེང༌། །ལེགས་བཤད་ཆོས་ཀྱི་རྔ་ཆེན་ཕྱོགས་བརྒྱར་བརྡུངས། །མཉན་ཡོད་བསྟན་པ་དར་བ་དེ་ནས་བྱུང༌། །དེ་ནས་ཆོས་གཞིས་རྣམས་རྩིས་ལེན་དུས་ཆོས་རྒྱལ་ནོར་བུ་ལགས་དྲུང་དུ་བོ་དོང་ཕྱག་ཏུ་བྱུང་འདུག་པས་ཕྱག་གཡོག་འདྲས་བསྒྱུར་ཁ་ལ་བརྟེན་གནང་ཡིག་ནང་བཞིན་གྲངས་འགྲིག་མ་བྱུང༌། རང་གི་བསམ་ཚོད་ལ་ཕྱག་གཡོག་རྣམས་ཐུགས་བསམ་ཆུང་བས་ལན་སྡེ་སྲིད་ལ་ནི་དེ་ཙམ་གྱི་གནོད་ཆེར་མི་འདུག །བོ་དོང་འདི་བྱང་བའི་ཕྱག་ཏུ་རྒྱུན་ཆགས་ཡོང་པ་ཡང་དཀའ། བྱ་གཤོངས་ལ་གནང་ན་སྡེ་སྲིད་སུའི་ཕྱག་ཏུ་བྱུང་ཀྱང་འཇགས་འགྲོ་བ་འདུག་སྟེ་བསམ། གཞན་བསམ་པ་ངན་པའི་སྦྱོར་བ་ཡིས། །ཡར་སྡེ་སྲིད་གོ་འཕང་ལ་གནོད་ཅིང། །མར་རང་ཉིད་ངན་འགྲོར་མགྱོགས་པའི་རྐྱེན། །རི་མཐོན་པོའི་རྦབ་བཞིན་སྒྲིལ་བ་མཐོང༌། །རྗེས་ནས་སྡེ་སྲིད་ཡིད་བཞིན་ནོར་བུས་ཀྱང་ཆོས་གཞིས་ལ་ཁྲལ་འུ་ལག་སོགས་གཙེར་བ་གཏན་ནས་མི་ཡོང་བའི་