[A:༤༧༨]ཕྱག་རྟགས་ཤིན་ཏུ་བཙན་པ་གནང༌། འགོ་འདྲེན་བདག་རྐྱེན་ཡང་དག་མཛད། དབང་ཕྱུག་ཅེས་པ་མེ་མོ་གླང་ལ་རྩེ་ཆེན་ལ་ཆོས་དབར་གདན་འདྲེན་གྱི་ཕོ་ཉ་ཡང་བྱུང༌། བོ་དོང་གི་དྲག་རིགས་འགའ་ཞིག་བྱ་གཤོངས་ཀྱི་གྲྭ་རིས་ཁྱད་པར་ཅན་འདི་ཤར་ལ་གཏོང་བ་མི་རིགས། རང་རེ་བོ་དོང་གི་ས་བཅུད་ཉམས་འགྲོ་ཟེར་བ་ཡང་བྱུང་འདུག །རང་རེའི་ཉང་སྟོད་ཀྱི་གྲྭ་རིས་རྣམས་ཀྱང་སྔར་ཡང་ཆོས་དབར་ལ་ཕེབས་པ་ཞལ་གྱིས་བཞེས་ནས་མ་ཕེབས་པ་དེ་འཕྱུགས་ཅུང་ཟད་བྱུང༌། ད་ལན་ཕྱག་ཏུ་ཁེལ་བ་ཞིག་དགོས་སོ་ཟེར་ནན་གྱི་བྱུང༌། དེ་ནས་བྱ་གཤོངས་དགུན་ཆོས་དང་པོ་བཏང༌། ཆོས་མཚམས་ལ་ལྷ་ཁང་གསར་པ་བཅུ་གཅིག་ཞལ་རྣམ་སྲས་མདུང་དམར་ཅན་གྱི་ལྷ་ཁང་སོགས་ལ་དཀར་མེ་ལྷ་བཤོས་ཕུལ། བླ་བྲང་ནས་ཞོགས་ཇ་བཟང་པོ་ཞིག་བཏང༌། སློབ་གཉེར་བ་ཉིས་བརྒྱ་ཙམ་ན་བཟའ་བཟབས་པ་དཔེ་ཁྲེས་འདིང་ལྷུང་སོགས་དང་བཅས་འཕྲེང་བྱས་བོ་དོང་ཨེ་ལ་གཡས་སྐོར་བྱས་ཕྱིན་པས་གཞན་གྱི་སྨོན་པའི་གནས་སུ་བྱེད་པ་བྱུང༌། དེ་ནུབ་ཤེལ་དཀར་དུ་སླེབ་ཤེལ་དཀར་ནང་ནས་མང་ཇ་སོགས་བཟབས་པར་བྱུང༌། དཀར་ཕྱོགས་ཟླ་བ་རྒྱས་པའི་དུས་ཚེས་ལ། །མཉན་ཡོད་ཆོས་ཀྱི་སྐྱེད་ཚལ་ལྡུམ་ར་ནས། །ཤར་ཕྱོགས་རྩེ་ཆེན་འདོད་དགུའི་ཕོ་བྲང་དུ། །ཆོས་ཀྱི་ལེགས་བཤད་གཏམ་ཟེར་ལམ་དུ་ཆས། །དེ་ནས་ཁྲོ་ཕུར་སྤྱན་འདྲེན་བྱུང་སང་ཉིན་ཁྲོ་ཕུར་དགའ་ལྡན་གྱི་ཕོ་བྲང་དུ་སླེབ། བྱམས་ཆེན་གྱི་ཞལ་རས་མཐོང་བ་ཙམ་གྱི་ཡིད་ཕྲོགས་པ་བྱུང༌། ཁྱད་འཕགས་བཅུ་གསུམ་གྱི་འགའ་རེ་དང་མཇལ། གདུང་བརྒྱུད་ཞལ་ངོ་རྣམས་ཀྱི་ཐུགས་དགྱེས་དགྱེས་མཛད་སྣ་ལེན་སོགས་བཟབས་པར་མཛད། ཁྲོ་ལོ་ཙཱའི་བྱམས་ཆེན་ཞལ་འཛུམ་བསྟན། སྟེང་དགའ་ལྡན་ལྷ་ཡི་