R171: རང་གི་རྣམ་པར་ཐར་པ་ཡུལ་སྣ་ཚོགས་ཀྱི་བདུད་རྩི་མྱོང་བའི་གཏམ་དུ་བྱས་པ་ཟོལ་ཟོག་རྫུན་གྱིས་མ་བསླད་པ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༤༧༩
[A:༤༧༩]མཛེས་པ་ཟུམ། །སྔོན་ཆོས་ཀྱི་སྦྲང་ཆར་ཟིམ་པའི་སྐྱེས། །གནས་ངོ་མཚར་ཆེ་སྙམ་བ་སྤུ་གཡོ། །དེ་ནས་གངས་ཅན་ཆོས་འཕེལ་དུ་སླེབ་གླིང་ཁྲོད་ཀྱི་གྲང་ཁང་ཞིག་ཏུ་སྡོད་ས་བྱས། དེ་ནུབ་རྨི་ལམ་དུ་བཙུན་པ་མགོ་ཆེན་པོ་ཐང་ཐེབ་གྱོན་པ་ཞིག་དང་ཆོས་གཏམ་ཡུན་རིང་བྱས་མཐར་ངེད་རང་རྒྱལ་ཁོས་ཞྭ་ཕུད་ཕྱག་ཕུལ་བྱིན་རླབས་ཞུས་བ་ཞིག་རྨིས། གནས་གངས་ཅན་ཆོས་འཕེལ་ཆོས་གྲྭ་རུ། །མཚན་ཉལ་བའི་རྨི་ཉམས་ཉིང་འཁྲུལ་ལ། །གཏམ་ཆོས་ཀྱི་བགྲོ་བ་སྣ་ཚོགས་བྱས། །བརྟག་མ་ཤེས་སྟག་ལའི་ལ་ལ་འཛེགས། །སང་ཉིན་སྣར་ཐང་དུ་སླེབ་སྡེ་སྲིད་ཀྱི་ཕུན་ཚོགས་གླིང་དུ་ངེད་རང་འབོད་པ་གནང་དྲུང་འཁོར་ཕལ་ཆེར་ཕྱག་འབུལ་བྱེད་དུ་བཅུག་འབེལ་བའི་གཏམ་ཤིན་ཏུ་སྨར་བ་བྱུང༌། གྲྭ་པ་རྣམས་རབ་གསལ་འོག་གི་སླ་གཡེ་ཞིག་ཏུ་སྤྱན་དྲངས་མང་ཇ་གདན་ནོན་སོགས་ཤིན་ཏུ་བཟང་བ། སྣར་ཐང་གི་རྟེན་བཟང་ལ་མང་པ་འདུག་པ་མཇལ། ཁྱད་པར་བྱམས་པ་མཆེད་ལྔའི་ནང་ཚན་ཡིན་ཟེར་སྐུ་ཤིན་ཏུ་མཚར་བ་ཞིག་འདུག་པ་དེའི་མདུན་ནར་སྐོར་བ་བྱས་པས་སྙན་དར་ཕང་ཕུང་མང་པོ་འདུག་པ་དེ་ཁོ་བོའི་མདུན་དུ་འཚར་བྱུང་བ་རྟེན་འབྲེལ་དགའ་མོ་ཡིན་ཀྱང་དཀོན་གཉེར་གྱིས་མཐོང་ན་མི་རུང་སྙམ་སྙན་ལ་མགྱོགས་པར་ཕུལ། སྔོན་མཁས་པ་གྲངས་མེད་བྱོན་པའི་གནས། །རྟེན་བཟང་པོ་གྲངས་མེད་དགའ་བས་མཇལ། །རྗེ་བྱམས་པས་དར་ཕུད་སྐྱེས་སུ་གནང༌། །འདི་ཉམས་འཆར་བཞད་གད་བྱས་པ་ཙམ། །སང་ཚོང་འདུས་དབུ་རྩེར་སླེབ་གྲ་ལྔ་ཉིན་བྱེད་དབང་པོ་ཤིན་ཏུ་དགྱེས། ངེད་རང་ཡོན་མཆོད་རབ་གསལ་ཞིག་ཏུ་བྱས། གྲ་པ་རྣམས་མདུན་རྡོ་བཅལ་ཡང་པོ་དེར་བོས་མང་ཇ་གནང་ཆོས་སྤྱོད་རིགས་ལུང་སོགས་བྱ་གཤོངས་པར་རང་གི་ལུགས་