[A:༤༨༠]གྱིས་ཤིག་གསུང༌། མང་ཇའི་སྟེང་དུ་དམ་བཅའ་རིགས་ལུང་སོགས་དང༌། དེ་གྲོལ་ནས་རིགས་ལུང་གི་ཚོ་བཅད་སོག་འཁོར་རྣམ་གསུམ། ཆོས་ཁྲིམས་པས་སྐོར་བ་མཐར་གང་དགྱེས་སྟོང་པའི་བར་དུ་བྱས་པས། འདི་འདྲ་བའི་སྒྲིགས་བཀོད་ངོ་མཚར་ཆེ་གསུངས་ནས་དགྱེས། མང་ཇ་སུན་གྲངས་འདི་ཙམ་གྱི་མང་བ་བྱེད་པ་ལ་སྔར་བཏང་བའི་མང་ཇ་འདེབས་ཆུང་གསུངས་ནས་ཕྱིན་ཆད་མང་ཇ་གནང་བ་རྣམས་ཇ་དངོས་གཙང་རྡུམ་རེ་གནང་གིན་ཡོད། སང་པ་རྣམ་དུ་སླེབ་དེ་དུས་པ་རྣམ་ན་སྡེ་སྲིད་རོང་པོའི་རྒྱལ་པོ་སྐུ་བགྲེས་པ་དང་མཇལ་ལྟག་ཚུགས་ཤིན་ཏུ་བཟང༌། རང་ལ་བསྔགས་བརྗོད་མང་པོ་མཛད་ཀྱིན་འདུག །གནས་གསར་ནས་ཀྱང་དེ་ན་བཞུགས་འདུག་པས་མཇལ་འཕྲད་དགྱེས་དགྱེས་ཀྱི་ཚུལ་དུ་གནང༌། འོན་ཀྱང་ཕྱག་གཡོག་རྣམས་ལ་ལྐོག་ཏུ་བརྡ་ཞིག་མཛད་པ་ཡིན་ནམ་གྲྭ་པ་རྣམས་ཀྱི་རྗེས་འབྲངས་ལ་བྱང་པའི་ཚོང་བ་འདྲ་ཡོད་པ་དྭགས་པོ་སོགས་མི་ངན་འདྲས་འཛིན་ཟེར་རྒྱུག་འཕྲལ་བྱས། པ་རྣམས་ནས་སྡེ་སྲིད་ཀྱི་མི་སྣ་འདྲས་བཟློག་པ་མ་གཏོགས་ཟིར་རྐྱེན་ཅུང་ཟད་ཡོང་གྲབས་བྱུང༌། དེ་ནུབ་ནོར་བུ་ཁྱུང་རྩེར་སླེབ་སྡེ་པ་ཞལ་ངོ་གཅིག་གི་མང་ཇ་ཤིན་ཏུ་བཟང་བ་བྱུང་མང་ཇ་ལ་ངེད་ཀྱི་ཡང་ཕྱིར། ཆོས་ཁྲིམས་པ་རྩར་བྱུང་གྲྭ་བ་རྣམས་མདོ་གཏོར་མ་སོགས་བྱེད་ཟེར་མི་ཉན་འདུག་པས་ཅི་དྲག་ཟེར། དེ་འདྲ་གཏན་མི་ལེགས་པས་མ་བྱེད་ཅིག་ཟེར་བ་བྱས། ངེད་སྟེང་དུ་ལོག་འཕྲལ་མདོ་སྒྲུབ་དང༌། གཏོར་བསྔོ་བྱས་པའི་གཏོར་མ་དེ་མཆོད་གཡོག་པས་འཕངས་པས་གཏོར་མ་འཁྱགས་བག་ལ་ཟུག་འདུག་གོ་ཡང་ཟེར། ངན་བྱེད་ཀྱི་གཙོ་བོ་དྭགས་པོ་དེ་རིང་པོར་མ་འགྱངས་པར་ཚེའི་དུས་བྱས་ཟེར་རོ། །ངེད་ཆོས་བར་སྡེ་ལ་སྐྱབས་བཅོལ་པའི། །ཁོང་རྗེས་འབྲང་བྱང་