R171: རང་གི་རྣམ་པར་ཐར་པ་ཡུལ་སྣ་ཚོགས་ཀྱི་བདུད་རྩི་མྱོང་བའི་གཏམ་དུ་བྱས་པ་ཟོལ་ཟོག་རྫུན་གྱིས་མ་བསླད་པ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༤༨༡
[A:༤༨༡]ཕྱོགས་ཚོང་པ་ལ། །གཏེས་གཏིང་འཛིན་བྱེད་ཟེར་ཟར་ཟིར་བྱས། །སྡེ་དགེ་འདུན་ཐུགས་འཁྲུགས་གཏོར་ཟོར་འཕངས། །མདོ་གཏོར་མས་དྲག་པོའི་འཕྲིན་ལས་བྱས། །གཞན་གདུག་ཅན་སྙིང་རྩ་མི་འདར་རམ། །ཁོང་གྲྭ་པ་རྣམས་ནི་དེ་སྐད་ཟེར།།མི་ཁོ་བོ་དེ་ལ་མི་གཏོགས་སོ། །སང་སྔ་བར་ལངས་ཕྱིན་པས་གནས་གསར་དུ་རྩེ་ཆེན་ནས་བསུ་མི་སླེབ་གསོལ་ཐོག་ཏུ་མང་ཇ་མཛད། དེ་ནས་རིམ་པར་ཕྱིན་པས་འབྲོང་རྩེའི་ཞོལ་དུ་རྩེ་ནས་ངོས་ལ་ཇ་ཞིམ་པོ་རང་ཞིག་རྒྱུགས་བྱུང༌། དེ་ནས་ཕོ་བྲང་རྩེ་ཆེན་དུ་སླེབ་སྡེ་སྲིད་ཞལ་ངོ་རྣམས་དང་བློན་ཆེན་འཚོ་ལགས་སོགས་ཐུགས་རབ་ཏུ་དགྱེས། ཉང་སྟོད་ཕྱོགས་ན་ཡོད་པའི་སློབ་གཉེར་བ་རྣམས་ཀྱང་འདུས་པས་དགེ་འདུན་སློབ་གཉེར་བ་ཤ་སྟག་སུམ་བརྒྱ་ཙམ་བྱུང༌། སྡེ་སྲིད་ནས་ཚུགས་སྟོན་གུང་སྟོན་གྲོལ་སྟོན་འབུལ་བ་རྣམས་གཞག །རྒྱུན་ལ་མང་ཇ་འཆག་མེད་སོགས་ཆོས་དབར་རྒྱུན་རིང་འཚོགས་པའི་བདག་རྐྱེན་དེ་དུས་ལས་བཟང་བ་མ་བྱུང་ཞེས་གྲགས། བདག་རྣམས་ཀྱིས་ཀྱང་བྱ་གཤོངས་རང་གི་ལུགས་བཞིན་སྔ་མོ་ཐོ་རངས་ཞོགས་ཆོས་དཔེ་འཛིན་འཇམ་ཚུལ། དེ་ནས་རྡོ་བཅལ་རྡོ་ལྷ་དང་བཅས་པ་དེར་ཆོས་གྲྭ་བྱས། སྔ་ཆོས་ཚར་གཉིས། གུང་ཚིགས་གྲོལ་ནས་མང་ཇའི་སྟེང་དུ་སྐུ་རིམ་མཚན་བརྗོད་ཚར་རེ་མཛད། སྡེ་པ་འཚོ་ལགས་དེ་ཐུགས་ལྷག་བསམ་ཆེ་བས་སྐུ་རིམ་ཕེབས་པ་རང་གིས་ཆོག །ཁྱེད་དགེ་འདུན་རྣམས་ཆོས་འཆད་སྙན་སྨར་བ་དང༌། གྲྭ་པ་རྣམས་ཐུགས་སྐྱེད་ཆེ་བ་རང་གལ་ཆེ་གསུང༌། དེ་ནས་དགོངས་ཆོས་ཚར་གཉིས། དགོངས་མོའི་ཆོས་བརྗོད་རིགས་ལུང་རྣམས་འཆག་མེད་བྱས་པ་ཟླ་བ་བཞི་བཞུགས། སློབ་གཉེར་བ་རྣམས་ཀྱང་བློ་སྐྱེད་དེ་དུས་ལས་ཆེ་བ་མ་བྱུང་