[A:༤༨༢]ཟེར། སྡེ་པ་འཚོ་ལགས་དྲུང་གིས་ངེད་ལ་ཚེ་དབང༌། དམར་པོ་སྐོར་གསུམ། སྒྲོལ་མ་སྔོ་དཀར། གུར་ཞལ་གྱི་རྗེས་གནང་སོགས་རྣམ་གྲངས་མང་པོ་ཞུས། མཁར་རྩེ་ཆེན་འཆི་མེད་སྐྱེད་ཚལ་ཆེར། །ངེད་ངུར་སྨྲིག་གཉིས་སྐྱེས་འདུས་ཚོགས་བོས། །ཆོས་ལེགས་བཤད་སྐྱེས་ཀྱི་ཆོས་ཆར་དང༌། །ཁོང་འདོད་ཡོན་སྦྲང་ཆར་ཅིག་ཅར་བབས། །དེ་དུས་ཆོས་རྗེ་བསྟན་པ་དར་རྒྱས་རྐྱང་འདུར་སློབ་དཔོན་ལ་བཞུགས་པས་ཞག་འགའ་དགེ་འདུན་རྣམས་དཔལ་འཁོར་ཆོས་སྡེར་སྐུ་ངལ་གསོ་དང༌། རྟེན་མཇལ་སོགས་ལ་ཕེབས་པ་དགོས་གསུངས། རྩེར་གྲོལ་ཆ་ཞུ་ཡིན་འདུག་པ་ལ་འཚོ་ལགས་དྲུང་གིས་ཞག་མངས་ན་ཚོང་འདུས་དེར་གྲྭ་བ་ལད་པའི་ཁག་ཡོང་ཞག་གཉིས་དེ་ཀ་མཛོད་གསུང༌། ཆོས་སྡེར་རྐྱང་འདུར་ཆོས་རྗེ། སྐུ་དྲུང་བློ་གྲོས་པ་སོགས་རང་རེའི་གྲྭ་རྒྱུན་དུ་གཏོགས་པ་རྣམས་དང༌། རྒྱལ་རྩེ་སྡེ་སྲིད་སོགས་ཀྱིས་བསྙེན་བཀུར་མཆོད་པ་ཚད་མེད་པ་བྱུང༌། གཙུག་ལག་ཁང་ཕྱི་ནང་རྟེན་མཆོད་མཆོད་རྟེན་ཆེན་མོའི་ཕྱི་ནང་རྟེན་མཆོད་སོགས་ཀྱང་ད་ལྟར་རང་བཅོས་བ་འདྲ་བ་སོ་མ་གསལ་ཡག་གེ་བ། ནང་གི་རྟེན་མཆོད་རྣམས་ཀྱང་སྤབས་རྡུལ་གཏན་མ་ཆགས་པ་ད་ལྟ་རང་ཕྱིས་པ་འདྲ་བ། རྒྱ་སྒོའི་ནང་དུ་ཆུད་ཙམ་ནས་རིག་པ་དང་སིང་འགྲོ་བ་རང་འདུག །ཁྱད་པར་རྐྱང་འདུར་གྲང་ཁང༌། ཆོས་རྗེ་བསྟན་པས་གསར་བཅོས་ལྷའི་ཁང་བཟང་འདྲ་བ་འདུག །དེ་ཡང་དབང་རྗེས་གནང་སོགས་མང་པོ་བྱས་དེས་མིག་ཕྱེ་བ་བཞིན་སོང་ནས་ཕྱིན་ཆད་ཆོས་སྡེར་གྲང་ཁང་གསར་བཅོས་དར་པོ་བྱུང་ཟེར། དཔལ་འཁོར་ལོའི་ཆོས་སྡེའི་ལུགས་གཉིས་ཀྱི། །ཆོས་ཟང་ཟིང་འདོད་དགུའི་གླིང་ཆེན་པོར། །རྟེན་ངོ་མཚར་ཅན་ལ་དད་འདུན་ཕུལ། །ལུས་ངལ་དུབ་བདེ་བའི་ངལ་