[A:༤༨༣]གསོ་བྱས། དེ་ནས་རྩེ་ཆེན་མདུན་ན་མཚོ་གཅིག་འདུག་པ་དེར་ནོར་བུ་དབྱིག་འགྲོ་འདུག་བྱེད་པ་བྱིས་པ་མང་པོས་མཐོང༌། ཆུ་སྲམ་བཞིན་ཡིན་ནམ་སྙམ་རྡོ་མང་དུ་འཕངས། འཚོ་ལགས་དྲུང་འཁོར་དང་བཅས་པས་གང་ཡིན་བརྟག་པའི་ཕྱིར་སྲོད་ལ་ཆུ་ནང་ནས་བཙལ་པ་ཟིན་ནས་ཕོ་བྲང་དུ་སླེབ། སྤྱིར་ནོར་བུ་དབྱིག་དེ་མིས་མ་རེག་བར་ལ་འགྲོ་འདུག་བྱེད་ཀྱང་མིས་ལག་ཏུ་ཐོབ་ནས་འགྲོ་འདུག་མི་བྱེད་ཟེར། བྱ་གཤོངས་པས་རྣམ་སྲས་གཏོར་བསྔོའི་ཆོ་ག་རྒྱུན་དུ་བྱེད་པ་དང༌། སྦྱིན་བདག་གི་དད་འདུན་ལ་རྟེན་གནོད་སྦྱིན་གང་བ་བཟང་པོས་སྦྱིན་པ་འདྲ་ཟེར་བ་ཡང་བྱུང་འདུག །ལྷ་རྣམ་སྲས་གཏོར་འབུལ་གྱིས་མཉེས་པ་དང༌། །ཁོང་སྦྱིན་བདག་གི་དད་འདུན་དུས་གཅིག་མཛོམ། །འཁོར་གནོད་སྦྱིན་གང་བཟང་གི་ཕྱག་པད་ནས། །རྫས་ནོར་བུ་དབྱིག་གི་ཆར་པ་ཕབ། །ཡང་མཆོད་གནས་རྟེན་དགེ་སློང་ཡིན་པ་སྐྱེ་ས་འོ་ཡུག་པ་གྲྭ་ས་འབྲས་ཡུལ་བ་སྤུན་གཉིས་ཡོད་པ་དེས་ངེད་ལ་དད་མོས་ཀྱིས་དཔོན་བློན་དྲུང་དུ་ལེགས་སྦྱོར་བྱས་འཕྲལ་ཕུགས་ཀྱི་དགོས་ཆ་ཐམས་ཅད་འབད་མེད་དུ་ཡོང་བ་ཞིག་བྱུང༌། ལན་ཅིག་གསར་དུ་མཇལ་བའི་ཇ་ནག་པོ་སིང་ང་གསིགས་གཅིག་འདུག་པ་དགེ་སློང་གིས་འདི་ལ་གྲྭ་པ་མཉེས་ཅིག་ཡོད་ཟེར་བས་འཚོ་ལགས་ད་ལྟར་རང་མང་ཇ་ལ་ཐོབ། ཁྱོད་རང་དཔོན་སློབ་འཆད་ཉན་དང་སློབ་གཉེར་རིགས་ལུང་ཧུར་ཐེག་པ་མཛོད་གསུང༌། མང་ཇ་ཐོན་བྱུང་ཚེ་ངེད་ལ་ཡང་ཁུར་ཤོག་གསུང་ཧུབ་གང་ཙམ་བཞེས། གྲྭ་པ་འདི་ཙོ་ཅི་བྱེད་འདི་འདྲའི་གར་བ་ལ་ཞིམ་རྒྱུ་ནི་མི་འདུག་གསུང་ཕྱི་ལ་ཕོ་གསུང༌། ཡང་སྤུ་ཇ་སྤོབ་རྩེ་གཅིག་འཇལ་འདུག་པ་དེ་ཡང་འདི་དགེ་འདུན་ལ་མང་ཇ་གྱིས་ངེད་ལ་འཕོག་ཆེ་གསུང༌། བླ་བྲང་ནས་གསོལ་ཇ་ཞུས་ཚེ་ཡང་ཁྱེད་དཔོན་སློབ་འདི་པ་ད་དུང་གྲྭ་རྐྱང་