R171: རང་གི་རྣམ་པར་ཐར་པ་ཡུལ་སྣ་ཚོགས་ཀྱི་བདུད་རྩི་མྱོང་བའི་གཏམ་དུ་བྱས་པ་ཟོལ་ཟོག་རྫུན་གྱིས་མ་བསླད་པ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༤༨༤
[A:༤༨༤]གི་ཤུབས་ནས་མ་ཐོན་འདུག །འདི་འདྲའི་ཇ་གར་བ་རང་རྒྱུ་གཟན་པ་འཐུང་མཁན་འཕོག་ཆེ་བ་ལས་མེད་གསུང༌། གཞན་ཡང་རྩེ་ཆེན་པའི་ཕྱག་རྫས་རྙིང་མ་འདི་ཚོ་མ་རླག་པ་རང་གི་ངོ་ལ་གསར་འཕེལ་འདི་ཚོ་དགེ་ཕྱོགས་ལ་གང་འགྲོ་བྱེད་གསུང༌། ཁྲི་ཞབས་ལ་བྱམས་པ། ཐུགས་ཚད་པ། ཁྲིམས་སྙོམ་པ་སོགས་ཡོན་ཏན་བགྲང་གིས་མི་ལང་བ་ཡོད། ལན་ཅིག་འབངས་གྲོང་པ་འདྲ་མ་འཆམ་པར་གཅིག་གིས་རྩིབ་རྡོའི་ལུགས་གཡུ་རྣ་ལེགས་པོ་ཞིག་ཕུལ་བས་བསོད་དེ་མེད་ཁྱོད་རང་གི་ཕུགས་ན་ནོར་འདི་ལས་ལྷག་པ་མེད་འདི་ང་ལ་ཕུལ་ནས་ཁྱོད་ཅི་སྒྲུབ་གསུང་བཀའ་སྐྱོན་དང་བཅས་མ་བཞེས་བཤགས་བཤེར་བ་ལ་དྲུང་འཁོར་བཏང་ནས་རྩིབ་རྡོ་དང་དགྲ་འདུལ་གཉེན་སྐྱོང་ཡོང་གསུང་ནས་རང་གི་རྩར་བསགས་ནས་མཛད། རྗེ་ལ་སྙིང་ཉེ་འབངས་རྣམས་བྱམས་པས་བསྐྱངས། །དཀར་ཕྱོགས་ལ་དགྱེས་དགེ་འདུན་གཙུག་ཏུ་མཆོད། །རྫས་ལ་སྤྱན་ཟུར་གཡོ་མེད་ཕྱོགས་ལྷུང་བྲལ། །དེ་འདྲའི་བློན་པོ་ཕྱོགས་ནས་འགའ་ཡོད་དམ། །དེ་ནས་དབྱར་ཐོག་ཙམ་ཆོས་དབར་བཞུགས་དགོས་པའི་ཞུ་ནན་ཆེ་བར་བྱུང་ཡང་དེ་ཙམ་ལ་གྲོལ་བྱ་ཞུས་འགྲོ་བར་བརྩམས། འཚོ་ལགས་དྲུང་འཁོར་དང་བཅས་པས་བྲག་ཁ་ཐུག་སྐྱེལ་མ་མཛད། དེར་གསོལ་ཇ་སོགས་མཛད་ནས་དེ་ནུབ་འབྲོང་རྩེར་སླེབ་ངེད་རང་གིས་རྩེ་དང༌། གྲྭ་པ་རྣམས་ཀྱིས་འདུ་ཁང་དུ་བཞུགས། དབུ་མཛད་ཆོས་ཁྲིམས་སོགས་ཀྱང་རྩེར་བོས་ཇ་མཆོད་ཆེ་བའི་ཆེ་མཆོག་མ་མཛོད་གསུང་དགྱེས་དགྱེས་མཛད། བསྙེན་བཀུར་འབུལ་བ་དངོས་གཙང་བ་མཛད། སྤྱན་སྟོང་ལྡན་ལྷ་དབང་རྗེས་འགྲོ་བའི། །མཁར་རྩེ་ཆེན་དེ་ནས་ལམ་དུ་ཆས། །རི་མཐོན་པོར་འབྲོང་རྩེ་མི་དབང་གིས། །ལུས་ངལ་འཚོ་མཆོད་སྤྲིན་རྒྱ་མཚོར་སྐྱིལ། །དེ་ནས་