[A:༤༠༢] སྔོན་ཆད་ཡོང་མ་མྱོང་བའི་སེམས་ལ་དགའ་བདེ་དང༌། ལུས་ཀྱི་བ་སྤུ་ལྡང་བ། གཟུང་འཛིན་གྱི་རྟོག་པ་རགས་པ་འགགས་པའི་གཉིས་མེད་ཀྱི་སེམས་གསལ་ལེ་བའི་ངང་དུ་འཛིན་མེད་དུ་ཆམ་སོང་བ་འདྲ་བ་བརྗོད་མི་ཤེས་པ་དང༌། ནང་དུ་འཇམ་མགོན་བླ་མ་དང་མཇལ་བའི་ཚེ་ཡང་སྔར་མཛའ་གཅུགས་ཀྱི་གཉེན་དང་འཕྲད་པ་བཞིན་དུ། ཞལ་མཐོང་བ་ཙམ་གྱིས་སེམས་ལ་དགའ་བ་དང་ཐུགས་བརྩེ་བས་རྗེས་སུ་འཛིན་པ་འབྲལ་མི་ཕོད་པ་ལྟ་བུ་བྱུང༌། མཚན་ཉལ་བའི་ཉིང་འཁྲུལ་རྨི་ལམ་ན། །རང་དོག་མོའི་གཡང་ལ་ལྷུང་སྙམ་ཚེ། །རྗེ་བླ་མས་སྤྱི་བོའི་གཙུག་ནས་དྲངས། །ཁོང་ཚེ་རབས་ཡོངས་འཛིན་ཡིན་པར་ངེས། །དེ་ནས་སྐྲ་གཅོད་པ་དང་གོས་བསྒྱུར་བ་སོགས་བྱས། ད་ཁྱོད་རབ་བྱུང་བྱེད་དགོས་ཏེ། མཁན་སློབ་དབུས་གཙང་ན་གྲགས་ཆེ་བ་ཞིག་གི་དྲུང་དུ་བཏང་དགོས་གསུང། བཅུ་བཞི་པ་སྤྲེལ་ལོ་བཤད་གསར་གྱི་གཞུང་འཛིན་དང༌། ས་གཞུང་ངོ་སྤྲོད་སྦྱོར་བ་སོགས་ཀྱི་འགོ་བཙུགས། སྔར་བཤད་གསར་ལོ་རེ་དགོས་པ་ལ་ཕྱིས་ལོ་ཕྱེད་རེ་དགོས་པ་ཞིག་འདུག་ཀྱང༌། ཤིན་ཏུ་དམ་དོག་ཆེ་བ་འཚེར་ཆ་ཆེ་བ་རང་ནས། བཤད་གསར་འདི་ཐོངས་ན་གཞན་སློབ་གཉེར་ལས་སླ་བ་འདྲ་སྙམ་པ་ཤར། ལོ་དེའི་དགུན་ཆོས་སྟེང་དུ་བཤད་གསར་བ་ལྔ་བཅུ་སྐོར་བྱུང༌། ངེད་སྔ་ལྡང་བ་ཡིན་པ་ལ། ལས་ཆེན་བཀྲས་བཟང་ཟེར་བ་སོགས་སྒྲོབ་ཆེན་བཞི་འདུག་པ་ལ། ཕྱི་གཞུང༌། ཕྱོགས་ཆོས་དེ་རྗེས་ཁྱབ་པ་ཡི། །གཏན་ཚིགས་ཞེས་པའི་གཞུང་བསྐྱུར་བྱུང་བས། ཁོ་བོ་ཚད་མ་རྣམ་འགྲེལ་གྱི་སྔ་གཞུང་ཕྱི་གཞུང་ཀུན་ཟིན་ཡོད་ཀྱང༌། སྔ་གཞུང་མ་གཏོགས་གཞན་སྦྲེལ་བ་མེད་མོད། ས་གཞུང་སྦྱོར་བ་སོགས་གྲ་སྐོར་པ་གཞན་གྱི་སྣ་ཆགས་ཙམ་ལ་བརྟེན་ནས་རང་སེམས་གཏད་ཐུབ་འཇིགས་པ་མེད་པར་བདེ་སིམ་མེ་བའི་ངང་ནས་གཞུང་དེ་ཀ་བླངས་ས་