[A:༤༠༣]གཞུང་སྦྲེལ་སྦྱོར་འགོད་གཙང་སིང་བ་བྱས་པས། གཞུང་བསྐྱུར་བའི་ཚེ་ལས་ཆེན་རྣམས་གྲེ་སུག་ལིང་ངེ་བ་ལ། ཁོ་བོས་སྦྱོར་འགོད་གྲུབ་མཚམས་ལས་ཆེན་རྣམས་དབུ་གུག་པ་དང༌། ཞལ་འཛུམ་བག་དང་ལྡན་པར་གྱུར་ཏོ། །དེ་ཡང་འཕྲིན་ལས་ཅུང་ཟད་ཁྱབ་ཆེ་བ་ཙམ་ཡོང་པའི་རྟེན་འབྲེལ་ཡིན་ནམ་སྙམ་ཕྱིས་ཤར་རོ། །དེ་ནས་རང་ལོ་བཅོ་ལྔ་པ་ས་མོ་བྱ་མཉན་ཡོད་བྱ་གཤོངས་བཏབ་ནས་ལོ་དྲུག་ཅུ་སྐོར་གཅིག་སོང་བའི་ཚེ། དབུས་གཙང་ཡོངས་ན་གྲགས་པའི་དཔལ་མཉན་ཡོད་བྱ་རྒོད་གཤོངས་ཞེས་ཡོངས་སུ་གྲགས་པའི་གྲྭ་ས་ཆེན་པོ་དེ་ཉིད་དུ་མཁན་པོའི་མཆོག་ཀུན་མཁྱེན་ལྕགས་ཐང་རབ་འབྱམས་པ་བྱམས་པ་བསོད་ནམས་དཔལ་བཟང་པོ་ཞེས་སྙན་གྲགས་ཕྱོགས་ཀྱི་རྣ་བའི་རྒྱན་དུ་གྱུར་པ་དེས། ལོ་གྲངས་ཉི་ཤུ་རྩ་བདུན་འཆད་ཉན་མཛད། བློ་གསལ་གྱི་སློབ་བུ་གྲངས་མེད་བསྐྲུན་པར་མཛད་དེ། བསྟན་པའི་བྱ་བ་མཐར་ཕྱིན་པ་མཛད་རྗེས་དགུང་ལོ་དྲུག་ཅུ་རྩ་བཞི་པ་ལ། པཎ་གྲུབ་བཟང་པོ་བཀྲ་ཤིས་གདན་སར་བསྐོས་པའི་ལོ་འཇམ་དབྱངས་བླ་མས་བདག་ལ་གྲོགས་བསོད་ནམས་དཔལ་འབྱོར་དང༌། དགེ་འདུན་སེང་གེ་ཞེས་བྱ་བ་གཉིས་དང་བཅས་སློབ་གཉེར་ལ་རྫོང་བར་མཛད། བློ་བདེ་གོང་ཀར་སླེབ་ཙམ་ནས་དགོན་པ་ཁྲ་ཕུང་ངེ་བ་གཡུ་ཐོག་དང་བཅས་པ་ཞིག་མཐོང་བྱུང་བས་བོ་དོང་ཨེ་ཕ་གི་ན་བྱས་པས། གྲོགས་གཉིས་ན་རེ། བོ་དོང་ཨེ་མིན། ཨེ་དང་བྱ་གཤོངས་ལ་ད་དུང་ཐག་རིང་ཟེར། དེ་ནས་ལ་ཆུང་དེར་སླེབ་ལ་ཁད་དུ་བུད་མེད་གོས་ཁྲ་མོ་གྱོན་པ་ཞིག་དང་ཕྲད། བྱ་གཤོངས་གང་ན་ཡོད་བྱས་པས། ལ་ཆུང་འདིའི་ཕག་ན་ཡོད། མྱུར་དུ་སླེབ་པ་ཡོད་པས་མགྱོགས་སེ་རྒྱུག་ཟེར། དགའ་རུ་ཚོར་བ་བྱུང༌། དམག་ཟོར་མའི་སྤྲུལ་པ་ཡིན་པ་འདུག་ཟེར་བའི་འུད་བྱས་ཀྱང་ཆོག་པ་ཙམ་འདུག