[A:༤༨༥]ཁྱུང་རྩེར་ངེད་ཀྱིས་ལྷ་ཁང་དང༌། གྲྭ་པ་རྣམས་ཀྱིས་འདུ་ཁང་དེར་བསྡད། རྩེ་བས་སྔར་ཁྱུད་མི་འདུག་གསུང་མཇལ་འཛོམ་བཞིན་ནི་མི་མཛད་འདུག་དེ་ག་ལེགས་སྙམ་པ་བྱུང༌། ཆོས་རྗེ་འཇམ་དབྱངས་པ་ཟེར་བ་བྱ་གཤོངས་པ་རང་ཡིན་པ་རྩེ་བའི་དཔོན་ས་ཡུམ་རྣམས་ཀྱི་བླ་མ་ཡིན་པ་དེ་སོགས་བྱ་གཤོངས་ཕྱོགས་ཀྱི་གྲྭ་བུ་སློབ་རྣམས་ཀྱིས་བསྙེན་བཀུར་ལེགས་ཚོགས་ཆེ་བ་རང་བྱུང༌། ཁོང་ཁྱུང་རྩེ་འབྱོར་པའི་ཕོ་བྲང་ཆེར། །དཔོན་དྲེགས་ཅན་དེ་ཚོའི་མཇལ་འཕྲད་བཅད། །གཞན་དད་ལྡན་མཇལ་འཕྲད་ཆར་བཞིན་བབས། །རང་ཆོས་སུ་སོང་བས་བདེ་ཞིང་སྐྱིད། །དེ་ནས་ཚོང་འདུས་སུ་འགྲོ་བའི་ལམ་ཁར་པ་རྣམ་དུ་གྲྭ་པ་རྣམས་ཀྱིས་མ་འཁྱོགས་པར་ཐལ་ལེ་ཕྱིན། ངེད་ཀྱིས་པ་རྣམ་རྩེར་རོང་ནས་སྡེ་སྲིད་སྐུ་བགྲེས་པ་དང་མཇལ་རྩེ་ཇ་རྡུམ་སོགས་གནང་སྦྱིན་ཡང་དག་པ་མཛད། དེ་དུས་རྩེ་ན་ཆོས་རྗེ་རབ་བརྟན་པ་ཡང་བཞུགས་ཀྱིན་འདུག་པས་བཞུགས་ཤག་ཏུ་བོས་དགྱེས་དགྱེས་རང་མཛད། གནས་གསར་ནས་སྡེ་པ་ཕུན་ཚོགས་པ་ཡང་བཞུགས་འདུག །དེའི་དུས་བྱང་ནས་བདག་པོ་ཆེན་པོའི་སྐུ་གཤེགས་པ་འདྲ་ཟེར་བའི་གཏམ་མྱུག་མྱུག་འདུག །རྩེ་ཆེན་ནས་སྡེ་པ་འཚོ་ལགས་དེ་འདྲའི་གཏམ་འདུག་པ་འདིས་བདེ་གཟར་གྱི་རྐྱེན་བྱེད་གསུང་ནས་ཐུགས་ཁྲལ་ཆེན་པོ་མཛད། གནས་གསར་ནས་སྡེ་པས་ངེད་ཅག་ཡང་ཡང་ཇ་ལ་འབོད་པ་གནང་གཏམ་དེ་ལ་ཐུགས་དགྱེས་པའི་གསུང་འཕྲོས་མང་པོ་མཛད་ཀྱིན་འདུག །ཚོང་འདུས་སྡེ་བས་མི་ལ་སྐྱེ་འཆི་ལོས་ཡོང་ཁོས་བསད་པ་ནི་མིན་འབྱུང་ཆུང་གསུང༌། དུས་ངན་པ་གླང་ལོ་ངོ་ནག་ལ། །མི་གཅེས་པ་མཐོ་རིས་སོང་ཡང་ཟེར། །ཁོང་ཉི་ཟླ་ཁྲག་གི་མཆི་མ་འཛག །གཞན་ཤི་བའི་གཏམ་སྙན་སྒུག་རྣམས་བླུན། །དེའི་