R171: རང་གི་རྣམ་པར་ཐར་པ་ཡུལ་སྣ་ཚོགས་ཀྱི་བདུད་རྩི་མྱོང་བའི་གཏམ་དུ་བྱས་པ་ཟོལ་ཟོག་རྫུན་གྱིས་མ་བསླད་པ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༤༨༦
[A:༤༨༦]དུས་ས་བཅུད་ཅུང་ཉམས་པའི་རྟགས་སུ་ནམ་མཁལ་ལ་སྐར་མ་མཇུག་རིང་འཆར་བ་དང༌། ཉི་ཟླ་ཁྲག་གིས་བྱུགས་པ་བཞིན་སོང་སྔ་དྲོ་ཉི་མ་ཤར་བའི་དུས་གྱང་ལོགས་ལ་ཁྲག་བསྐུས་པ་བཞིན་དམར་ཆག་གེ་བ་དེ་འདྲ་བྱུང༌། དེ་ནུབ་ཚོང་འདུས་དབུ་རྩེར་སླེབ་ཚར་ཆེན་ཆོས་ཀྱི་རྒྱལ་པོ་ལ་མི་ཕྱེད་པའི་དད་པ་ཐོབ་པའི་གསུང་འཕྲོས་མང་པོ་མཛད། རྗེ་མཁྱེན་བརྩེའི་དྲུང་ལ་ཡང་དད་འདུན་ཆེན་པོ་མཛད། འོན་ཀྱང་གསུང་ཆོས་ཀྱི་ཚེ་རྙིང་མ་སོགས་གཞན་ནས་བསྲེས་པའི་རྒྱ་ཧ་ཅང་ཆེས་པས་སྨིན་པོ་རང་མི་ཡོང༌། དེ་བས་དེ་དུས་མཁན་པོ་མཛད་པ་དེ་ངོས་ཐུགས་རབ་ཆུང་བ་དེ་ཡོན་ཏན་དུ་སོང༌། བྲག་རྫོང་མའི་འཁྲིད་ཡིད་ལ་འཇགས་པ་ཙམ་བྱུང་བས་ཟིན་བྲིས་ཤིག་ཡོད་དེ་གཟིགས་འབུལ་ལོ་གསུང༌། རྫོང་གཡེར་ཅན་ཚོང་འདུས་དབུ་རྩེ་རུ། །མི་དཔྱོད་ལྡན་གྲ་ལྔ་ཉིན་བྱེད་མཇལ། །ཆོས་འབེལ་བའི་གཏམ་ལ་རྫོགས་དུས་མེད། །གྲོགས་ཆོས་མཐུན་ཡོད་ན་དགའ་བ་ལ། །སང་ཉིན་སྣར་ཐང་དུ་སླེབ་སྡེ་སྲིད་དང་མཇལ་འཕྲད་དགྱེས་པ་སྔར་བཞིན། དེ་ནས་གནས། དེ་ནས་བྱ་གཤོངས་སུ་སླེབ། གླང་ལོ་དབྱར་ཆོས་དང་པོའི་ཆོས་མཚམས་སོགས་སྐབས་གསེང་ལ་ཆོས་གྲ་ཕྱི་བཀོད་པ་བྱས་པ་ཡིན། སྔར་ཡང་བྱ་གཤོངས་ཆོས་གྲ་ཕྱི་མ་འདི་གྲྭ་ས་གཞན་ལ་མེད་ཅེས་ངོམ་པ་ཞིག་ཡོད་ནའང་སླར་ཡང་ཆོས་གྲྭ་དེའི་ནང་གྱང་གི་གྲུ་བཞིར་བཅད། སྔར་ཆོས་ཁྲི་ཆེན་མོའི་གཡས་གཡོན་ལ་འཇམ་མགོན་བླ་མ་བློ་གྲོས་རྣམ་པར་རྒྱལ་བས་ལམ་འབྲས་ཉེ་བརྒྱུད་དེང་སང་ལམ་ཟབ་བརྒྱུད་པར་གྲགས་པ་རང་རེའི་སློབ་བཤད་བརྒྱུད་པའི་རྡོ་ལྷ་ཤིན་ཏུ་ལེགས་པ་བཀོད་པ་གནང་གྲུབ་ཡོད། རྡོ་ལྷ་དེ་ཡང་གནས་གསར་ནས་འབྱོན་དགོས་བྱུང་བའི་ཚེ་འཇམ་དབྱངས་བླ་མས་བྱང་ཆོས་རྒྱལ་ཆེན་པོ་ལ་ཞུས་ཏེ་རྫོང་ཤར་