R171: རང་གི་རྣམ་པར་ཐར་པ་ཡུལ་སྣ་ཚོགས་ཀྱི་བདུད་རྩི་མྱོང་བའི་གཏམ་དུ་བྱས་པ་ཟོལ་ཟོག་རྫུན་གྱིས་མ་བསླད་པ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༤༨༧
[A:༤༨༧]ནས་དྲངས་པ་ཡིན། ད་ལན་ཡང་བོ་དོང་ཨེ་ནས་དྲངས་པའི་ཆོས་ཁྲིའི་ལྷོའི་གཡས་ཕྱོགས་ནས་ལམ་འབྲས་རིང་བརྒྱུད་བདེ་གཤེགས་སོ་ལྔ། ཕྱོགས་བཅུའི་སངས་རྒྱས་སོགས་ཀྱི་རྡོ་ལྷ། གཡོན་ཕྱོགས་ཅུང་མ་ཁེངས་པར་འདར་རྣམ་རྒྱལ་སྟག་རྩེར་ལུགས་གཉིས་ཀྱི་རྣམ་དཔྱོད་ཟབ་ཅིང་ལྷག་བསམ་རྣམ་དག་དང་ལྡན་པའི་ས་སྐྱོང་མི་དབང་རིན་ཆེན་དཔལ་བཟང་ལ་ཞུས་པས་དགྱེས་པ་ཆེན་པོས་གནང༌། ཐུབ་དབང་གནས་བཅུའི་རྡོ་ལྷ་གཡོན་ཕྱོགས་ལ་ལེགས་པར་བཀོད། དེ་དག་ལ་ལྷ་གཡབས་དང་གུང་དེར་མེ་ཏོག་ར་བའི་སྐྱེད་ཚལ་མཐར་ལྗོན་ཤིང་གི་ར་བ་རིམ་པས་བསྐོར་བ་དང་བཅས་པ་ལེགས་པར་གྲུབ། མཆོད་སྦྱིན་བརྒྱ་པའི་འཆི་མེད་དགའ་བའི་ཚལ། །ས་ལ་འཕོས་པ་མཉན་ཡོད་སྐྱེད་མོས་ཚལ། །ལུང་རིགས་རྩེད་མོ་རྩེ་ལ་ངོ་མཚར་གནས། །མཁའ་ནས་ལྷ་རྣམས་གནས་འདིར་བྱོན་པར་ངེས། །དེའི་སྟོན་གསོལ་བུར་ཤོག་གསུང་ཕྱིན་ཚེ་བཀའ་བརྒྱ་ཚར་སྒྲོལ་དཀར་སོགས་རྗེས་གནང་མང་པོ་དང༌། དགྱེས་མཛད་དབང༌། དེ་སྟེང་ཚོགས་འཁོར་བཟབས་མ་རེ་མཛད་པ་ཕྱག་ལེན་འདུག་པས་དེ་བཞིན་གནང༌། གསོལ་གྲལ་གཡབས་ཆེན་དང༌། དགོངས་ཇ་གསོལ་ཇ་ཁང་དུ་མཛད། དེ་སྟེང་དུ་རབ་འབྱམས་པ་རྣམས་བཤད་པ་དང་རིགས་ལུང་དང་དོགས་གཅོད་སོགས་བྱེད་དུ་འཇུག་འབེལ་བའི་གཏམ་གྱིས་དུས་འདའ། མཆོག་མི་དབང་ནམ་མཁའི་མཚན་ཅན་མཆེད། །དད་འདུན་པ་རྣམ་དཔྱོད་ལྷན་ཅིག་འཛོམ། །ཆོས་འབེལ་གཏམ་དང་རྐང་འཐུང་བཏུང་བ་དང༌། །སེམས་གཅིག་འདྲེས་ཀྱི་མཆོད་ཡོན་ཉམས་རེ་དགའ། །དེ་ནས་དགེ་འདུན་སློབ་གཉེར་བ་དངོས་གཙང་འདི་ལ་ཆོས་འཆད་པའི་ཆོས་གྲྭ་དངོས་གཙང་ཡིད་ལ་བསམ་པ་བཞིན་འགྲུབ། ད་འདུ་ཁང་