R171: རང་གི་རྣམ་པར་ཐར་པ་ཡུལ་སྣ་ཚོགས་ཀྱི་བདུད་རྩི་མྱོང་བའི་གཏམ་དུ་བྱས་པ་ཟོལ་ཟོག་རྫུན་གྱིས་མ་བསླད་པ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༤༩༠
[A:༤༩༠] རང་གཞན་ཐེ་ཚོམ་དུ་གྱུར་པ་ལ་དེ་དུས་འཇམ་དབྱངས་བླ་མ་འདར་སྐྱིད་གཤོངས་ན་བཞུགས་པས་བསླབ་སྟོན་ཞུར་ཕྱིན་པས་བདེ་གཟར་འཐུག་དྲག་པོ་ཡོད་འདུག་ནའང་ཁྱེད་རང་གྲྭ་པ་རྣམས་ཀྱིས་ཕར་ཚུར་ཐར་པ་གཅིག་ཡོང༌། ཕུགས་སྦྱིན་བདག་གི་ཁྱད་ཆེ་བས་ཕྱིན་པ་ལེགས་གསུང༌། སྟོན་ཅག་གི་སྐབས་ཡིན་པས་སློབ་གཉེར་བ་བརྒྱ་ལྷག་ལས་མ་བྱུང་ཡང་ལམ་དུ་ཞུགས་ཚེ་ལམ་བར་གྱི་མི་རྣམས་ད་ལོ་བསམ་རྩེ་འཆོར་ཐག་ཆོད། ཁྱེད་རང་ཡང་མི་ཆུད་ཆུད་སྲིད་ནའང་གོས་ཟས་དང་འདིང་ལྷུང་དྲག་པ་རྣམས་བཀྲ་ཤིས་ལྷུན་པོར་བཅོལ་བ་ལེགས་སོ་ཟེར། བསམ་རྩེ་རྩེ་ཞོལ་རྣམས་ཀྱང་བཀྲ་ཤིས་ལྷུན་པོ་སོགས་སུ་ཞོགས་བདེག །བསམ་གྲུབ་རྩེ་ཡང་སྟོང་སང་ངེ་ཡོད་པ་ལྟ་བུའི་ཚེ་ངེད་རྣམས་སླེབ་པས་ལྷའི་གཟུངས་བཞུགས་ཆུད་པ་ལྟ་བུར་བག་ཕེབས་པར་གྱུར། སླེབ་འཕྲལ་དེའི་ནུབ་ཐོ་རེངས་ཆའི་རྨི་ལམ་དུ་བུད་མེད་རྒན་མོ་ཞིག་བྱུང་ནས་ད་ལོ་མི་གཅེས་ཤི་ཟེར་ནས་མཆི་མ་གཏོང་སེམས་ཁྲལ་ཤིན་ཏུ་ཆེ་བ་བྱེད་ཀྱིན་ངེད་ལ་ཡང་ཞུ་བ་མང་པོ་འབུལ་གྱིན་འདུག །དེ་མཚམས་མི་ཞིག་བྱུང་ནས་ད་ཁང་པ་ལ་དར་ཚུགས་ཟེར་རང་གི་གྲྭ་པ་རྣམས་བཏང་ནས་དར་འཛུགས་སུ་བཅུག །ངེད་རང་གི་དར་འཛུགས་ལུགས་ཇི་ལྟར་བྱས་ཡོད་སྙམ་ལྟར་ཕྱིན་པས་ཁང་པ་དེའི་ཁོར་མོར་མདུང་དར་ཁྲ་ཐིབ་སེ་བ་འཕྲེང་མ་ཆད་པར་བཙུགས། སྒྲ་རོལ་ཆ་སོགས་འུར་ཆིལ་ལེ་བ་འདུག་པས་སེམས་སྤྲོ་སིང་ངེ་བ་བྱུང༌། རྫོང་འདི་ལ་ཡང་རྟེན་འབྲེལ་ལེགས་རང་རེའི་ཆོས་དབར་ཀྱང་ལེགས་ཚོགས་ཆེར་ཡོང་བའི་རྨི་ལམ་དུ་འདུག་བསམ་བློ་བདེ་ཆམ་མེ་གནས་སོ། །དེ་ནས་རྒྱུན་མི་རིང་བ་ནས་གཡས་རུ་བྱང་པའང་དཔུང་རོགས་ལ་སླེབ་ཕ་རོལ་གྱི་དཔུང་ཚོགས་ཕྱིར་ཟློག་ཟེར་བའི་གཏམ་སྙན་དར་འཕྱར་དང་བཅས་པ་རྒྱས་པར་